ནོར་ཤུགས་བཅུ་ཆ་བརྒྱད་ཡན་དམངས་འཚོའི་ཁྱབ་ཁོངས་སུ་བཏང་བ།
བོད་ཀྱི་བདེ་སྐྱིད་ཀྱི་གཞི་གདན་ལས་སྔར་བས་བཀྲག་མདངས་འཚེར་བ།
ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱས་པར། ལོ་སྟོད་ཀྱི་སྔོན་རྩིས་ལྟར་སྒོར་དུང་ཕྱུར་148བཀོད་སྒྲིག་བྱས་ནས་དམངས་འཚོའི་བྱ་བ་དངོས་28ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱས་པའི་རྨང་གཞི་ཐོག་དམངས་འཚོའི་བྱ་བ་དངོས་10བསྐྱར་དུ་ལག་བསྟར་བྱས་པ་དང་། དེའི་ནང་མང་ཚོགས་ཀྱི་འབབ་འཕར་དང་། རྒན་གསོ་དང་བུ་བཅོལ། སྨན་བཅོས་དང་སྤྱི་ཚོགས་འགན་སྲུང་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ཚུད་ཡོད་པ་རེད།
དམངས་འཚོའི་བྱ་བ་དངོས་10ཡི་ནང་ཀུན་ཕན་རང་བཞིན་གྱི་སྲིད་ཇུས་ཁག་7ཡོད་པ་དེ་དག་ལས་བྱེད་པ་དང་མང་ཚོགས་ཡོངས་ལ་ཁྱབ་པ་དང་། དམིགས་བསལ་དོ་ཁུར་སྲིད་ཇུས་ཁག་3གྱིས་ཡོང་འབབ་དམའ་བའི་དཀའ་ངལ་ཡོད་མཁན་མང་ཚོགས་དང་དམིགས་བསལ་ལེགས་སྐྱེས་འབུལ་མཁན་སོགས་དམིགས་བསལ་གྱི་ཚོགས་སྤྱི་མི་འདྲ་བར་དོ་ཁུར་བྱེད་ཀྱི་ཡོད། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་དབྱིན་ལི་ཧྥུང་གིས། དེ་ནི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སྔར་བས་ཐག་གཅོད་བྱེད་པའི་དངོས་སྒྲུབ་ཀྱི་བྱ་ཐབས་གསར་པ་ཞིག་རེད་ལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་དམངས་འཚོའི“ཕྱག་རྟགས་ཆེན་མོ”ཞིག་ཀྱང་རེད་ཅེས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་ནོར་ཤུགས་ཀྱི་80%ཡན་དམངས་འཚོའི་ཁྱབ་ཁོངས་སུ་བཏང་ཡོད། 2024ལོར་བོད་ཀྱི་དམངས་འཚོའི་ཐད་སྒོར་དུང་ཕྱུར་2455བཏང་བ་དེས་ནོར་སྲིད་གཏོང་སྒོའི་བསྡུར་ཚད་ཀྱི་84%ཟིན་ནས་གཞི་ཁྱོན་དང་བསྡུར་ཚད་ཚང་མ་ཟིན་ཐོ་གསར་པ་བཏོད་ཡོད། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་བྱུང་བའི་སྤུས་ཚད་མཐོ་བའི་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད་ཅེས་གསུངས་པ་རེད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ཚོགས་བྱ་གཞག་ཁྱབ་ཁོངས་ཀྱི་རྣམ་གྲངས་ཁག་28བཀོད་སྒྲིག་བྱས་པར་མ་དངུལ་སྒོར་དུང་ཕྱུར་246.5གཏོང་རྒྱུའི་འཆར་འགོད་བྱས་པ་དང་མིག་སྔའི་བར་མ་དངུལ་སྒོར་དུང་ཕྱུར་236.78བཏང་བ་དང་། འཕྲོད་བསྟེན་ཁྱབ་ཁོངས་སུ་བོད་ཀྱི་གཞི་རིམ་གྱི་སྨན་བཅོས་དང་། སྔོན་འགོག བདེ་སྲུང་སོགས་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དང་དེ་བཞིན་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་ཇེ་མཐོར་ཕྱིན་པ། སློབ་གསོའི་ཁྱབ་ཁོངས་སུ་བོད་དུ་སློབ་ཆུང་29དང་། དམའ་རིམ་སློབ་འབྲིང་15 མཐོ་རིམ་སློབ་འབྲིང་དཀྱུས་མ་5བཅས་གསར་དུ་བསྐྲུན་པ་དང་། འབྲིང་རིམ་ལས་རིགས་སློབ་གྲྭ་6བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ། གཞིས་རྩེའི་ལས་རིགས་ལག་རྩལ་སློབ་གླིང་སོགས་རྣམ་གྲངས་གལ་ཆེན་སྐྲུན་འགོ་ཚུགས་པ། རིག་གནས་དང་ལུས་རྩལ་ཁྱབ་ཁོངས་སུ་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གྱི་སྒྱུ་རྩལ་ལྟེ་གནས་དང་རིག་ལྡན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ལས་གྲྭ་སོགས་རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་མང་ཚོགས་ཀྱི་ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་འབོར་ཆེན་ཞིག་བསྐྲུན་ནས་སྤྱོད་འགོ་ཚུགས་པ། སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་སུ་བོད་དུ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་80དང་བྱིས་པའི་ཕན་བདེའི་སྒྲིག་གཞི་11བསྐྲུན་པ་དང་འགན་བཅོལ་ནང་ཞུགས་མཁན་གྱིས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་མཇུག་རྩིས་རྒྱག་པ་མངོན་འགྱུར་བྱུང་ཡོད། 2024ལོར་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དུས་མཚུངས་ལས་12.5%ཡན་འཕར་ཡོད་པ་རེད།
(《དཔལ་འབྱོར་ཉིན་རེའི་ཚགས་པར》ནས་བརྒྱུད་བཀོད་བྱས)
འབྲེལ་ཡོད་གསར་འགྱུར།