དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཅེས་སེམས་ཟབ་མོས་དམངས་སེམས་དྲོད། བདེ་སྐྱིད་འཚོ་བའི་ལམ་བུ་སྲུང་།

    —— ལྷུན་གྲུབ་རྫོང་དམངས་སྲིད་ཞབས་ཞུ་ས་ཚིགས་ཀྱིས་སྤེལ་བའི་གཅེས་སྐྱོང་ཞབས་ཞུའི་བྱེད་སྒོའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-10

    འདི་ནི་ལྷུན་གྲུབ་རྫོང་དམངས་སྲིད་ཞབས་ཞུ་ས་ཚིགས་ཀྱི་ལས་དོན་པས་མང་ཚོགས་ཀྱི་ཁྱིམ་དུ་འཚམས་འདྲི་བྱེད་བཞིན་པ།

     འདི་ནི་ལྷུན་གྲུབ་རྫོང་དམངས་སྲིད་ཞབས་ཞུ་ས་ཚིགས་ཀྱི་ལས་དོན་པས་གཅེས་སྐྱོང་ཞབས་ཞུ་སྒྲུབ་བཞིན་པ།

    ཞོགས་པའི་ཉི་འོད་ཀྱི་ཟེར་བརྒྱ་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་མཁར་གདོང་གྲོང་ཚོའི་ལམ་ཆུང་དུ་འཕྲོས་སྐབས། ལྷུན་གྲུབ་རྫོང་དམངས་སྲིད་ཞབས་ཞུ་ས་ཚིགས་ཀྱི་ལས་དོན་པ་བསྟན་འཛིན་དབང་མོས་སྔོ་ཚལ་དང་སྨན་རྫས་བྱུར་བུར་བླུགས་པའི་ཁུག་མ་ཞིག་རྒྱབ་ཏུ་ཁུར་ནས་རྒན་མོ་རིག་འཛིན་ལྷག་སྒྲོན་གྱི་ཁྱིམ་དུ་བསྐྱོད། “ཨ་མ་ལགས། དེ་རིང་ངས་ཁྱེད་ལ་ལ་ཕུག་གསོས་པ་དང་ཁྲག་ཤེད་སྨན་འཁྱེར་ཡོད” ལོ་83ལ་སླེབས་པའི་རྒན་མོ་རིག་འཛིན་ལྷག་སྒྲོན་འདར་སིག་སིག་ངང་སྒོ་རར་དོན་ནས་བསྟན་འཛིན་དབང་མོའི་ལག་པ་ནས་འཇུས་ཏེ་འཛུམ་དམུལ་དམུལ་བྱེད་བཞིན་མཆིས། ཞོགས་པའི་འཚམས་འདྲི་འདི་ལྟ་བུ་སྔ་ས་ནས་རྒན་མོ་ཁོང་གི་རྒྱུན་གཏན་འཚོ་བའི་ཁྲོད་ཀྱི“སེམས་རྣལ་རིལ་བུར”གྱུར་ཡོད།

    ལྷུན་གྲུབ་རྫོང་དུ་རྒན་མོ་རིག་འཛིན་ལྷག་སྒྲོན་ལྟ་བུའི་དམངས་སྲིད་ཞབས་ཞུའི་དྲོ་སྐྱིད་ཉམས་སུ་མྱོང་བཞིན་པའི་དཀའ་ངལ་ཡོད་པའི་མང་ཚོགས་ད་དུང་མང་པོ་ཡོད། སྔར་ནས་ད་བར་ལྷུན་གྲུབ་རྫོང་དམངས་སྲིད་ཞབས་ཞུ་ས་ཚིགས་ཀྱིས“དམངས་སྲིད་དམངས་ཆེད་དང་དམངས་སྲིད་དམངས་གཅེས”ཀྱི་ལྟེ་བའི་འདུ་ཤེས་ལ་བརྟེན་ནས“རྒན་གཅིག་གཞོན་གཅིག”དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་སོགས“མི་སྣ་རིགས་བཅུ”ལ་དམིགས་ཏེ། གཅེས་སྐྱོང་ཞབས་འདེགས་གནད་སྨིན་ཞུས་ཤིང་། དོན་དངོས་རེ་རེ་དང་འཚམས་འདྲི་རེ་རེ་ལས་རོགས་སྐྱོར་དང་སེམས་གསོ་ཟུང་འབྲེལ་གྱི་དམངས་འཚོའི་སེམས་དྲོད་ལས་གཞི་ཞིབ་ཚགས་བསྒྲུབས་ཡོད།

    དུད་ཚང་དུ་འཚམས་འདྲིར་བསྐྱོད་ནས་གནས་ཚུལ་མཐིལ་རྟོགས་བྱས་པ།

    “ཁྱིམ་དུ་མི་ག་ཚོད་ཡོད། སྨན་ཡུན་རིང་གཏོང་དགོས་པའི་གཅོང་ནད་ཡོད་དམ” དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁྱིམ་དུ་སྐྱོད་རིམ་བཞིན་དམངས་སྲིད་ཞབས་ཞུ་ས་ཚིགས་ཀྱི་ལས་དོན་པས་ཟིན་བྲིས་དེབ་བཏོན་ནས་ཁོ་ཚོའི་ཁྱིམ་ཚང་གི་གནས་ཚུལ་དང་། དཀའ་ངལ། དགོས་མཁོ་བཅས་ཟིན་ཐོར་འགོད་ཀྱི་ཡོད། དུས་འགོར་ཁྱིམ་ཚང་དུ་འཚམས་འདྲི་བྱེད་པ་དེ་ནི་གནད་སྨིན་རོགས་སྐྱོར་གྱི་འཆར་གཞི་འགོད་པ་བཞིན་བྱ་ཐབས་རེ་རེ་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པར་བྱས་ཡོད།

    གནས་ཚུལ་རྒྱུས་ལོན་མཐིལ་རྟོགས་བྱེད་པ་ཕུད། སྲིད་ཇུས་སྒྲོག་འགྲེལ་བྱེད་པ་དེ་ནི་དམངས་སྲིད་ཞབས་ཞུ་ས་ཚིགས་ཀྱི་ལས་ཀ་གལ་ཆེན་ཞིག་རེད། “དམངས་སྲིད་སྲིད་ཇུས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྒྲོག་འགྲེལ་བྱེད་པ་དང་ཏང་གི་བཀའ་དྲིན་སེམས་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཡུལ་དུ། ལས་དོན་པས་དྲིལ་བསྒྲགས་ལག་དེབ་སྤྲོད་ཀྱིན་དུ་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆར་བརྟེན་ནས་མ་མཐའི་འཚོ་བ་འགན་ལེན་གྱི་རེ་ཞུ་དང་། གནས་སྐབས་རོགས་སྐྱོར། དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་རེ་ཞུ་སོགས་ཀྱི་སྲིད་ཇུས་སྐོར་ལ་འགྲེལ་བཤད་བརྒྱབ་པ་རེད། ས་གནས་ས་ཐོག་ཏུ་ཡུལ་མི་ཞིག་གིས“སྔོན་ཆད་ང་རང་ལ་མ་མཐའི་འཚོ་བ་འགན་ལེན་གྱི་ཆ་རྐྱེན་འཛོམས་ཡོད་མེད་ཤེས་ཀྱི་མེད། ད་རེས་འགྲེལ་བཤད་ལ་ཉན་རྗེས་གཞི་ནས་རེ་ཞུ་ཇི་ལྟར་ཕུལ་དགོས་ལུགས་གསལ་པོ་ཤེས་བྱུང་། དངོས་གནས་ང་ཚོར་རོགས་རམ་ཆེན་པོ་གནང་བྱུང”ཞེས་མྱོང་བ་ཟབ་མོས་བརྗོད། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད། དམངས་སྲིད་སྲིད་ཇུས་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས་བྱས་པས་ཏང་གི་དྲོ་སྐྱིད་མང་ཚོགས་ཚོས་དངོས་འབྲེལ་ཚོར་ཡོད།

    རོགས་སྐྱོར་གནད་སྨིན་བྱས་ནས་དམངས་ཀྱི་སེམས་ཁྲལ་བསལ་བ།

    དཀའ་ངལ་ཡོད་པའི་ཚོགས་སྤྱི་མི་འདྲ་བའི་དགོས་མཁོར་དམིཌ་ནས་ལྷུན་གྲུབ་རྫོང་དམངས་སྲིད་ཞབས་ཞུ་ས་ཚིགས་ཀྱིས་སྣ་མང་ཅན་གྱི་རོགས་སྐྱོར་ཞབས་ཞུའི་རྣམ་གྲངས་བཏོན་ཞིང་། ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་ལས་དོན་པས་རང་འགུལ་ངང་མ་མཐའི་འཚོ་བ་འགན་ལེན་དང་གནས་སྐབས་རོགས་སྐྱོར་སོགས་ཀྱི་འགྲོ་ལུགས་གཉེར་རོགས་བྱས་ཏེ“འགན་ལེན་བྱེད་དགོས་རིགས་ལ་འགན་ལེན་དང་རོགས་སྐྱོར་བྱེད་དགོས་རིགས་ལ་རོགས་སྐྱོར”བྱས་པ་དང་། དངོས་ཟོག་ཁ་ཐང་བའི་ཁྱིམ་ཚང་ལ་གཅེས་སེམས་ཐོན་ཁུངས་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་གྱོན་ཆས་དང་། བཟའ་བཅའ། སློབ་ཆས་སོགས་ཞལ་འདེབས་བརྒྱབ་ནས་འཚོ་བའི་ཁུར་པོ་ཡང་དུ་བཏང་བ། བསམ་བློའི་ཐད་སེམས་ཁུར་བྱེད་དགོས་པའི་རྒན་རྒོན་དང་ཕྲུ་གུར་ལས་དོན་པས་ཁོ་ཚོའི་གཉེན་ཉེ་ལྟར་ལྟ་རྟོག་བྱས་ནས་ཁོ་ཚོ་ཡུལ་པོ་མི་ཡོང་བར་བྱས་ཡོད།

    ཟླ་6ཚེས་24ཉིན། ལྷུན་གྲུབ་རྫོང་དམངས་སྲིད་ཞབས་ཞུ་ས་ཚིགས་ཀྱིས་རྫོང་སློབ་གསོ་ཅུས་དང་མཉམ་དུ་ལྷུན་གྲུབ་རྫོང་སློབ་འབྲིང་དུ“སེམས་ཁམས་བདེ་ཐང་བསྲུངས་ནས་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱས་པ་རེད། སེམས་ཁམས་བདེ་ཐང་སློབ་གསོའི་རིགས་གཅིག་མཁས་ཅན་རྒན་ལུའོ་ལགས་ཀྱིས་སེམས་ཁམས་སྙོམས་སྒྲིག་དང་། སློབ་གྲྭའི་བརྙས་བཅོས་ལ་ཁ་གཏད་གཅོག་པ། མཚན་མའི་སློབ་གསོ་བཅས་བརྗོད་གཞི་ཆེན་པོ་གསུམ་ལ་དམིགས་ཏེ་གྱོད་དཔེ་དྲངས་ནས་དབྱེ་ཞིབ་དང་དྲི་བ་དྲིས་ལན་གྱི་ཐོག་ནས་ཕྲུ་གུ་བུ་མོ་ཚོར་སྤྱོད་གོ་ཆོད་པའི་ཤེས་བྱ་ཁྱབ་སྤེལ་བྱས་ཡོད།

    ལྷད་མེད་ལྷག་བསམ་བཅངས་ནས་འགན་འཁྲི་འཁུར་སེམས་མངོན་པ།

    མཚོ་སྟོད་ཤང་མཁར་གདོང་གྲོང་ཚོར་རྒན་མོ་རིག་འཛིན་ལྷག་སྒྲོན་གྱི་གཏམ་རྒྱུད་ནི་ལྷུན་གྲུབ་རྫོང་གི་དམངས་སྲིད་ཞབས་ཞུར“དྲོད་ཚད་ལྡན་པའི”གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ཁ་ཐོར་གྱི་དམིགས་བསལ་དཀའ་ངལ་ཡོད་མཁན་ཞིག་ཡིན་པའི་ངོས་ནས་ལོ་83ལ་སླེབས་པའི་རྒན་མོ་ཁོང་ལ་ལྟ་རྟོག་བྱེད་མཁན་གཉེན་ཉེ་མེད་པས། དམངས་སྲིད་ཞབས་ཞུ་ས་ཚིགས་ཀྱི་ལས་དོན་པས་ཁོང་གཙོ་གནད་གཅེས་སྐྱོང་བྱ་ཡུལ་དུ་བཞག་སྟེ། “གཉེན་ཉེ་རྣམ་པའི”ཐོག་ནས་ཁོང་གི་འཚོ་བའི་ཕྱོགས་གང་ས་ཅི་ཐད་ལ་སེམས་ཁུར་ཚད་མེད་བྱེད་ཀྱི་ཡོད།

    དེའང་ཟླ་རེར་ཉུང་མཐར་ཡང་ཁོང་ལ་ལྟ་བར་ཐེངས་གསུམ་བསྐྱོད་དེ། ཁ་ལག་བཟོ་བ་དང་གཙང་སྦྲ་བྱེད་རོགས་བྱེད་པ་མ་ཟད། ད་དུང་ཁོང་ལ་ཅི་འཕྲོས་མོལ་འཕྲོས་དང་འཆམ་འཆམ་བྱེད་རོགས་བྱེད་ཀྱི་ཡོད། གཞན་ཡང་། བགྲེས་སོང་སྨན་ཁང་ལ་འགྲོ་སྐབས་ལས་དོན་པས་ཨང་ཀི་འགོག་པ་དང་སྨན་ལེན་པ་སོགས་མགོ་ནས་མཇུག་བར་རོགས་རམ་བྱེད་པ་མ་ཟད། ད་དུང་སྨན་རིན་ཚང་མ་སྤྲོད་རོགས་བྱེད་ཀྱི་ཡོད། གནམ་གྲང་དུ་འགྲོ་སྐབས་དམངས་སྲིད་ཞབས་ཞུ་ས་ཚིགས་ཀྱི་ལས་དོན་པས་སྔ་ས་ནས་ཁོང་ལ་སྲིང་བལ་གྱི་སྟོད་ཐུང་གྲ་སྒྲིག་བྱེད་པ་དང་། གློག་རིན་སྐྱེལ་རོགས་བྱེད་ཀྱི་ཡོད།

    ད་ཆ་བགྲེས་སོང་ཁོང་གི་གཞི་རྩའི་འཚོ་བའི་དགོས་མཁོ་ཕྱོགས་ཡོངས་ནས་བསྐངས་པ་མ་ཟད། གང་ཅིའི་ཐད་ལ་ཆགས་ས་བརྟེན་ས་ཡོད་པས། གདོང་ནས་ཀྱང་དགའ་བའི་འཛུམ་མདངས་ངང་གིས་འཕྱུར་བཞིན་ཡོད། “རང་འཁྲིའི་ལས་འགན་ལས་ལྷག་པའི”སྲུང་སྐྱོང་དེ་ནི《དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཏན་འཁེལ་བྱེད་ཐབས》ནང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བ་དང་ནད་གཞི་སྨན་བཅོས་སོགས་ཁེ་དབང་འགན་སྲུང་བྱེད་པའི་བླང་བྱ་དང་མཐུན་པ་མ་ཟད། གཞི་རིམ་གྱི་རོགས་སྐྱོར་དེ“གཞི་རྩ་འགན་ལེན”ནས“དྲོད་ཚད་ལྡན་པའི”བར་སྣུར་སྲིང་བྱས་ནས་ཁ་ཐོར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོར་ལས་དོན་ལ་མིག་དཔེ་ཞིག་བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།