དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཟླ་མཆོད་དུས་ཆེན་མཉམ་དུ་དགའ་གཏོང་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  དབྱང་ཨོའུ། ཙོའུ་སུང་། ཁྲེན་ཡེ་མིང་།   |     སྤེལ་དུས།  2025-10-09

    ཟླ་10ཚེས་4ཉིན་གྱི་དགོང་མོ། ལྷོ་ཨ་ཧྥེ་རི་ཁའི་ཏེ་པན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་ཁུང་ཙི་སློབ་གླིང་དང་ཁྭ་ཙུའུ་ལུའུ—ན་ཐར་ཞིང་ཆེན་གྱི་ཧྥུའུ་ཅན་གྱི་ཕ་ཡུལ་གཅིག་པ་ལྷན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“ཡིད་དབང་འཕྲོག་པའི་གར་ཉམས”བརྗོད་དོན་གཙོ་བོར་བྱེད་པའི་ཟླ་མཆོད་དུས་ཆེན་གྱི་མཚན་ཚོགས་འཚོགས་ཤིང་། པེ་ཅིང་ཞབས་བྲོ་སློབ་གླིང་གི་གཞོན་ནུ་སྒྱུ་རྩལ་མཁས་ཅན་གྱིས་ས་གནས་དེ་གའི་མང་ཚོགས་ལ་ལྟད་མོ་ཆེ་བའི་འཁྲབ་སྟོན་བྱས་པ་རེད།

    ཏེ་པན་ནས་ཡོང་བའི་དབྱིན་ཡིག་དགེ་རྒན་སང་ཉི·མོ་སིས་གསར་འགོད་པར“ཁོང་ཚོས་ཞབས་བྲོར་བརྟེན་ནས་ངས་མཐོང་མ་མྱོང་བའི་ཀྲུང་གོ་མངོན་པར་བྱས་སོང”ཞེས་བཤད། པེ་ཅིང་ཞབས་བྲོ་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཧུད་ཐུང་གིས“ཞབས་བྲོར་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཀྲུང་གོའི་མི་རིགས་རིག་གནས་རྒྱུན་འཛིན་བྱེད་རྒྱུ་ནི་ང་ཚོའི་འགན་འཁྲི་རེད”ཅེས་བརྗོད། ཁོང་གིས་གསར་འགོད་པར“ལྟད་མོ་བ་ཚོའི་ཚུར་སྣང་ལན་ཆ་ཆེན་པོ་ལས། ཞབས་བྲོས་སྐད་བརྡའི་བཀག་རྒྱ་ལས་སྒྲོལ་ཐུབ་པ་ར་སྤྲོད་ཐུབ། ལྷོ་ཨ་ཧྥེ་རི་ཁའི་ཞབས་བྲོ་མཁས་ཅན་ཀྲུང་གོར་སྤེལ་རེས་བྱེད་པར་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན”ཞེས་བརྗོད།

    “དེ་ནི་ཆུ་ཚད་མཐོ་བའི་ལྷོ་ཀྲུང་གི་མི་ཆོས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་ཞིག་རེད”ཅེས་ཁྭ་ཙུའུ་ལུའུ—ན་ཐར་ཞིང་ཆེན་གྲོས་ཚོགས་ཀྱི་དབྱི་ཀྲང་ནོ་ཐན་པེ་ཁོ·པོ་དབྱི་སིས་བརྗོད། ད་ཐེངས་ཀྱི་ཟླ་མཆོད་དུས་ཆེན་གྱི་མཚན་ཚོགས་ཐོག་ལྷོ་ཨ་ཧྥེ་རི་ཁའི་དམངས་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་ཞབས་བྲོའི་སྒྱུ་རྩལ་གྱི་རྣམ་པ་ལས་ཀྲུང་ལྷོའི་དམངས་ཚོགས་དབར་གྱི་བར་ཐག་ཉེ་རུ་ཕྱིན་ཡོད་ཅེས་ཏེ་པན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ལི་ཀྲེ་ཀུང་གིས་བརྗོད། ཏེ་པན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ཝུའུ་ལིན་གྱིས“ད་ཐེངས་ཀྱི་སྤེལ་རེས་བྱེད་སྒོས་ལྷོ་ཨ་ཧྥེ་རི་ཁའི་མཛེས་སྡུག་ལྡན་པའི་སྣ་མང་རིག་གནས་ལ་གསོན་ཤུགས་གསར་པ་བསྣན་ནས་ཀྲུང་ལྷོ་རྒྱལ་ཁབ་གཉིས་པོའི་རིག་གནས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་ཐེབས་རྒྱུ་རེད”ཅེས་བརྗོད།

    ཁྭ་ཙུའུ་ལུའུ—ན་ཐར་ཞིང་ཆེན་ཧྥུའུ་ཅན་གྱི་ཕ་ཡུལ་གཅིག་པ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚའེ་ཡུན་ཅིང་གིས“ཟླ་མཆོད་དུས་ཆེན་ནི་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་རེད་ལ། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་ཕ་ཡུལ་དང་མེས་པོ་དྲན་པའི་དུས་སྐབས་གལ་ཆེན་ཞིག་ཀྱང་རེད། ཀྲུང་གོའི་མི་རིགས་ཀྱི་ཞབས་བྲོ་ལས་ཀྲུང་ཧྭའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པས་རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླར་སྤོབས་པ་ཆེན་པོ་སྐྱེ་གི་འདུག་ལ། མེས་རྒྱལ་གྱི་འཕེལ་རྒྱས་ལའང་སྙིང་དབུས་ནས་ཡིད་སྨོན་སྐྱེ་གི་འདུག”ཅེས་བརྗོད།

    ཉིན་ཤས་བསྟུད་མར་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་ཟླ་མཆོད་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་ཡོད།

    ཕ་ཁི་སི་ཐན་གྱི་ཕྱིར་སྡོད་རང་མིའི་ལས་རིགས་ཀྱིས་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོར“མཉམ་དུ་རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བ་དང་ཟླ་མཆོད་དུས་ཆེན་དགའ་གཏོང་བྱེད་པའི”དུས་ཆེན་གཉིས་ལ་མཉམ་དུ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ཞིང་། ཕ་ཁི་སི་ཐན་གྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་གཞོན་ནུ་ལོ་ཆུང་ཚོས་སྙན་ངག་གྱེར་འདོན་དང་གླུ་གར་སོགས་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པ་རེད།

    ཧྥ་རན་སེའི་ཧྥ་ཀྲུང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་76འཁོར་བར་རྟེན་འབྲེལ་ཞུ་བའི《རྨ་ཆུའི་མཉམ་གཞས་ཆེ་མོའི》མཉམ་སྒྲོག་རོལ་དབྱངས་འདུ་ཚོགས”ཐོག་ཧྥ་རན་སེར་ཡུན་རིང་གནས་སྡོད་བྱེད་པའི་ཕྱིར་སྡོད་རང་མིའི་ལས་རིགས་ཀྱི་ཕ་རི་སིའི་དཔྱིད་ཀའི་མཉམ་གཞས་ཚོགས་པ་དང་དབྱིན་ཇིར་ཡུན་རིང་གནས་སྡོད་བྱེད་པའི་ཕྱིར་སྡོད་རང་མིའི་ལས་རིགས་ཀྱི་ལོན་ཏོན་དུ་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བའི་ཨའེ་གཡོད་མཉམ་གཞས་ཚོགས་པས་ཧྥ་རན་སེའི་ས་གནས་དེ་གའི་མཉམ་སྒྲོག་རོལ་དབྱངས་ཚོགས་པའི་རམ་དཀྲོལ་འོག《རྨ་ཆུའི་མཉམ་གཞས་ཆེ་མོའི》རོལ་དབྱངས་ལེ་ཚན་ཆ་ཚང་8མཉམ་དཀྲོལ་བྱས་པ་རེད། ཀྲུང་ཧྥའི་སྒྱུ་རྩལ་མཁས་ཅན་གྱིས་ད་དུང《ང་ཀྲུང་གོར་དགའ》དང་།《ངའི་མེས་རྒྱལ》《རྒྱ་སེའི་མི་ཚེ》སོགས་ཀྲུང་ཕྱིའི་གྲགས་ཅན་རོལ་དབྱངས་ལྟད་མོ་བའི་སྤྱན་ལམ་དུ་ཕུལ་ཡོད།

    ཉིན་ཤས་གོང་། པར་ཙིར་གྱི་པེ་ཅིང་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་76འཁོར་བར་རྟེན་འབྲེལ་ཞུ་བ་དང་ཟླ་མཆོད་དུས་ཆེན་དགའ་གཏོང་གི་བྱེད་སྒོ་དང《པར་ཙིར་གྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ལོ་རྒྱུས་རིག་དངོས་ཞལ་འདེབས་རིས་གཞུང》གི་ཞལ་འདེབས་འབུལ་བའི་མཛད་སྒོ་འཚོགས་ཤིང་། ས་གནས་ས་ཐོག་ཏུ་སྐུ་མགྲོན་ཚོས་ཟླ་མཆོད་བག་ལེབ་མཉམ་སྤྱོད་དང་། དྲི་ཞིམ་ཇ་ལོའི་བྲོ་བ་མཉམ་མྱོང་། ཕ་ཡུལ་གྱི་གནས་ཚུལ་མཉམ་གླེང་བཅས་བྱས་ཡོད།

    པར་ཙིར་གྱི་པེ་ཅིང་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲའོ་ཡུང་ཕིང་གིས་མི་རིང་བའི་གོང་གདན་ཞུས་ལྟར་རྒྱལ་ནང་དུ་ལོག་ནས་དམག་གཟིགས་མཛད་སྒོར་ཞུགས་པའི་མྱོང་ཚོར་མཉམ་སྤྱོད་བྱས་པ་སྟེ།“གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་མཛད་གཟིགས་སྡིངས་ཆའི་ཐོག་མེས་རྒྱལ་སྟོབས་ཆེན་ཡིན་པ་དངོས་སུ་མིག་མཐོང་ལག་ཟིན་བྱུང་བས་ང་རང་སྤོབས་པ་ཆེན་པོ་སྐྱེས་བྱུང་ལ། མེས་རྒྱལ་སྟོབས་ཆེན་ཡིན་པ་དང་བུ་ཕྲུག་ཚོ་བློ་བདེ་བག་ཕེབས་ཡིན་པ་དེ་བས་མྱོང་ཚོར་ཟབ་མོ་ཡང་བྱུང” ཁོང་གིས་མེས་རྒྱལ་ནི་ནམ་ཡང་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོ་བའི་རྒྱབ་རྟེན་བརྟན་པོ་དང་གོ་ལ་ཧྲིལ་པོའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་སེམས་ཀྱི་རྟེན་ས་རེད་ཅེས་བརྗོད།

    (འདི་ག་ཚགས་པར་ཁང་དུ་ཏེ་པན་དང་ལི་གཡོད་རེ་ནེ་ལུའུ་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།