དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་དྲུང་ཆེ་ཀོན་ཤིན་མིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་ནས་ཕུད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-10-09

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་བར། ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་། དྲུང་ཆེ། རིམ་པ་དང་པོའི་སྐོར་ཞིབ་པ་ཀོན་ཤིན་མིན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་ཡོད་པར་གྱོད་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཀོན་ཤིན་མིན་གྱིས་ཕུགས་བསམ་དང་དད་སེམས་དོར་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་བ། མར་ཁེ་སི་ལེ་ཉིན་རིང་ལུགས་ལ་ཡིད་ཆེས་མི་བྱེད་པར་ལྷ་འདྲེར་ཡིད་ཆེས་བྱེད་པ། རྨོངས་དད་ཀྱི་བྱེད་སྒོར་ཞུགས་པ། མ་རུང་ཁོག་བཅུག་གིས་རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཏང་ནས། སྒྲིག་འགལ་ངང་གསོལ་སྟོན་དང་ཡུལ་སྐོར་བྱེད་སྒོའི་བཀོད་སྒྲིག་དང་ལེན་བྱས་པ། རྩ་འཛུགས་ཀྱི་འདུ་ཤེས་ཞན་པ་དང་། གཞན་ལ་གོ་གནས་སྤོར་བ་དང་ལས་ཀ་སྒྱུར་བ་སོགས་ཀྱི་ཐད་ཁེ་ཕན་དོན་གཉེར་བྱས་པ་དང་འབྲེལ་རྒྱུ་དངོས་བླངས་པ། སྤྱོད་གཙང་གི་མཐའ་ཚད་ཤོར་བ་དང་། ཡུན་རིང་གཞན་གྱི་ས་ནས་ལག་རྟགས་དང་། འབུལ་རྟེན། འཛད་སྤྱོད་གཱ་བཅས་ཐེངས་མང་བླངས་པ། སྒྲིག་འགལ་ངང་ཁེ་གཉེར་བྱེད་སྒོ་སྤེལ་བ། ལས་ཀའི་འགན་འཁྲི་ཡང་དག་མ་འཁུར་བ། ཐ་ཤལ་ཞེན་ཆགས་དོན་གཉེར་དང་མཱ་ཅང་ལ་དབྱིངས་ཞུགས་པ། གོ་གནས་ཐད་ཀྱི་སྟབས་བདེ་སྤྱད་དེ་གཞན་ལ་ལས་གྲྭའི་རྣམ་གྲངས་སྒྲུབ་འགན་ལེན་རོགས་བྱེད་པ་སོགས་ཀྱི་ཐད་ཁེ་ཕན་དོན་གཉེར་བྱས་ཏེ་ཁྲིམས་འགལ་ངང་རྒྱུ་དངོས་འབོར་ཆེན་བླངས་པ་བཅས་རེད།

    ཀོན་ཤིན་མིན་གྱིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ལམ། སྤྱོད་གཙང་གི་སྒྲིག་ལམ། ལས་ཀའི་སྒྲིག་ལམ། འཚོ་བའི་སྒྲིག་ལམ་བཅས་ལས་ཚབས་ཆེན་འགལ་ནས། ལས་གནས་ཀྱི་ཁྲིམས་འགལ་ཚབས་ཆེན་དང་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཚབས་ཆེན་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ད་དུང་མཚམས་དང་ཚོད་མི་བྱེད་པར་ངོ་བོ་ཧ་ཅང་ཚབས་ཆེན་དང་ཤུགས་རྐྱེན་ངན་པ་ཡོད་པས་ཐག་གཅོད་ནན་པོ་བྱེད་དགོས་ཀྱི་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་གུང་མཚོ་སྔོན་ཞིང་ཨུད་ལ་ཆོག་མཆན་ཐོབ་རྒྱུར་གོང་ཞུ་བྱས་པ་བརྒྱུད། ཀོན་ཤིན་མིན་ཏང་གི་སྐྱིད་སྡུག་ནས་འབུད་པ་དང་། གཏན་འབེབས་ལྟར་ཁོ་པའི་ལོངས་སྤྱོད་ཐོབ་ཐང་མེད་པར་བཟོ་བ། ཟི་ལིང་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཁོ་པའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱེད་པ། སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་བ་བཅས་བྱ་རྒྱུའི་ཐག་བཅད་པ་མ་ཟད། ཁོ་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་གནད་དོན་དག་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་རྒྱག་པར་རྩིས་སྤྲོད་རྒྱུ་དང་། དེ་འབྲེལ་རྒྱུ་དངོས་རྣམས་མཉམ་དུ་རྩིས་སྤྲོད་རྒྱུ་རེད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།