ཁག་བཅུ་པའི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས།
ས་མཐོའི་མི་སེར་གྱིས་སྒོ་རྩ་ནས་ནད་ལྟ་ཐུབ་པ་དང་ནད་ཡག་པོ་ལྟ་ཐུབ་པར་བྱས་པ།
འདི་ནི་བོད་སྐྱོར་སྨན་པ་ཧན་པིན(དཀྱིལ)གྱིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཁ་སྦུག་སྡེ་ཁག་གི་ན་གཞོན་སྨན་པ་འཁྲིད་དེ་ཕྲ་མཐོང་ཆེ་ཤེལ་ནས་སོའི་རྩ་སྦུག་ལ་སྨན་བཅོས་བྱེད་བཞིན་པ།
འདི་ནི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་པས(གཡོན་གྱི་གཉིས་པ)ས་གནས་དེ་གའི་སྨན་བཅོས་ཚོགས་པའི་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་ཚད་ལྡན་གསོ་སྐྱོང་གི་ཞིབ་བཤེར་དང་ལེན་བྱེད་བཞིན་པ།
འདི་ནི་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་པ་ཀྲང་ཞའོ་ཀང(གཡས)གིས་རྒྱང་བསྟེན་གཤགས་བཅོས་མ་ལག་འཁོར་སྐྱོད་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།
འདི་ནི་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་པས་མངའ་རིས་ས་ཁུལ་སྨན་རྩིས་ཁང་གི་སྨན་པར་Bསྒྲ་རླབས་ཀྱི་བརྙན་པར་མཉམ་སྤྱོད་བྱེད་བཞིན་པ།
མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ།
ལག་རྩལ་གསར་པ་དང་ཉམས་མྱོང་གསར་པ་ས་མཐོར་ཁྱབ་གདལ་བཏང་བ།
སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དང་བབ་བསྟུན་རོགས་སྐྱོར་ཚོགས་པའི་དབར་སྤེལ་རེས་དང་དཔྱད་བསྡུར་བྱེད་པའི་ལྟེ་བའི་གྲོས་གཞི་ནི། རོགས་སྐྱོར་བྱ་ཡུལ་སྨན་ཁང་འཛུགས་སྐྲུན་དང་འཕེལ་རྒྱས་མགྱོགས་སུ་ཇི་ལྟར་གཏོང་དགོས་མིན་དང་། སྨན་ཁང་གི་སྒྲིག་ཡིག་དང་དོ་དམ་བཀོད་པ་ཚད་ལྡན་དུ་ཇི་ལྟར་གཏོང་དགོས་མིན། རོགས་སྐྱོར་བྱ་ཡུལ་སྨན་ཁང་གི་ཚན་རིག་དང་མཐུན་པའི་དོ་དམ་ཆུ་ཚད་མཐོ་རུ་ཇི་ལྟར་གཏོང་དགོས་མིན། སྨན་ཁང་རྒྱ་ཆེ་ལ་ལག་རྩལ་ལྡན་པ་ཞིག་ཏུ་འཛུགས་སྐྱོང་ཇི་ལྟར་བྱས་ནས་མི་སེར་རྣམས་ཀྱིས་ཉེ་འགྲམ་དུ་སྟབས་བདེའི་ངང་སྨན་བཅོས་བྱེད་ཐུབ་མིན་བཅས་རེད།
གནད་དོན་དེ་དག་ཇི་ལྟར་སེལ་དགོས་ཤེ་ན། ཁག་བཅུ་པའི“ཚོཌ་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ཚོགས་པས་དེར་ལན་ཡག་པོ་ཞིག་བཏབ་པ་སྟེ། སྨན་ཁང་ནི་སྨན་བཅོས་ཞབས་ཞུའི་ལྟེ་བའི་གཞི་རྟེན་དང་། མང་ཚོགས་ཀྱི་བདེ་ཐང་སྲུང་བའི་བཙན་རྫོང་བརྟན་པོ་ཞིག་ཡིན་པས། ཆུ་ཚད་མཐོ་བའི་སྨན་ཁང་བསྐྲུན་ཚེ་གཞི་ནས་ས་མཐོའི་མང་ཚོགས་ལ་བདེ་ཐང་གི་འགན་སྲུང་བརྟན་པོ་ཞིག་མཁོ་འདོན་ཐུབ་ནས་མང་ཚོགས་ན་དུས་སྨན་བཅོས་བྱེད་ཐུབ། དེས་ན་ཁོང་ཚོས་བོད་ཀྱི་སྨན་ཁང་འཕེལ་རྒྱས་གཏོང་རོགས་བྱེད་པའི་ལེའུ་གསར་རྐྱང་ཞིག་གི་འགོ་བཙུགས་ཡོད།
2024ལོའི་ཟླ་8པ་ནས་ད་བར་ཁག་བཅུ་པའི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ཚོགས་པ་དང་དེ་བཞིན་བབ་བསྟུན་རོགས་སྐྱོར་ཚོགས་པའི་བོད་སྐྱོར་སྨན་པ་384ཡིས“1+7+13”གྱི་སྨན་ཁང(“1”ནི་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། “7”ནི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་མི་དམངས་སྨན་ཁང་། “13”ནི་རྫོང་སྨན་ཁང་བཅུ་གསུམ་བཅས་ཡིན)འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་ས་གནས་དེ་གའི་སྨན་བཅོས་ཚོགས་པ་མང་པོ་ཞིག་ལ་རོགས་ཁྲིད་དང་ས་གནས་དེ་གའི་སྨན་དོན་པ་མང་པོ་གསོ་སྐྱོང་བྱས་ཡོད། མིག་སྔར་ལྗོངས་ཡོངས་སུ“ལྟེ་གནས་ཆེན་པོ་ལྔ”(བྲང་གཟེར་ལྟེ་གནས་དང་། གྲིབ་བཅོས་ལྟེ་གནས། རྨས་སྐྱོན་ལྟེ་གནས། ཉེན་ཆེའི་སྦྲུམ་མ་སྐྱོབ་བཅོས་ལྟེ་གནས། ཉེན་ཆེའི་བྱིས་པ་དང་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལྟེ་གནས)36འཛུགས་གཏོད་བྱས་པ་དང་། “7+1”སྨན་ཁང་ཁྲོད་ནས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་ཕུད། དེ་བྱིངས་ཚང་མར“ལྟེ་གནས་ཆེན་པོ་ལྔ”འཛུགས་གཏོད་ཟིན་ཡོད།
སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས“ཚོགས་པས་ཚོགས་པའི་སྣེ་ཁྲིད་པ་དང་རིག་ཚན་གྱིས་རིག་ཚན་གྱི་སྣེ་ཁྲིད་པའི”བྱེད་སྟངས་གསར་གཏོད་བྱས་པ་དང་། “ནད་རྟགས་བསྐྱར་ཞིབ་དང་ལྷན་འཛོམས་ནད་དཔྱད”སོགས་ཀྱི་བྱ་ཐབས་སྤྱད་དེ་ལག་རྩལ་གསར་པ་ཁག་473དང་སྔོན་ཐོན་ཉམས་མྱོང་ཁག་242ས་མཐོར་ཁྱབ་གདལ་བཏང་སྟེ་ས་མཐོའི་སྨན་བཅོས་བྱ་གཞག་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།
འདི་ནི་ས་མཐོའི་རུས་ཚིགས་ནད་ཕོག་མཁན་གྱིས་ཆིང་ཏའོ་གྲོང་ཁྱེར་གྲོང་བཙུགས་སྨན་ཁང་ཤར་མའི་རུས་ནད་སྡེ་ཁག་གི་ཀྲུའུ་རེན་ཏའེ་ཧྲི་ཡིའུ(གཡས)ལ་ཐུགས་རྗེ་ཆེ་ཞུ་བཞིན་པ།(ཆིང་ཏའོ་བོད་སྐྱོར་ལས་བྱེད་པ་ཝང་ཅན་ལེང་གིས་མཁོ་འདོན་བྱས)
འདི་ནི་དྲག་སྐྱེད་བྱུང་རྗེས་ནད་པའི་ནང་མིས་ཧྲང་ཧའེ་གྲོང་ཁྱེར་བོད་སྐྱོར་སྨན་པར་གོས་དར་ཕུལ་ནས་ཐུགས་རྗེ་ཆེ་ཞུ་བཞིན་པ།
འདི་ནི་ཆིང་ཏའོ་གྲོང་ཁྱེར་གྲོང་བཙུགས་སྨན་ཁང་གི་བོད་སྐྱོར་སྨན་པ་ཞུས་ཝུན་ལུང(གཡས)གིས་ནད་པར་གཤགས་རྗེས་ཀྱི་དྲག་སྐྱེད་སྦྱོང་བརྡར་བྱེད་སྟངས་སློབ་བཞིན་པ།(ཆིང་ཏའོ་བོད་སྐྱོར་ལས་བྱེད་པ་ཝང་ཅན་ལེང་གིས་མཁོ་འདོན་བྱས)
གྲངས་འཛིན་གྱིས་མཐུན་རྐྱེན་སྦྱར་ནས།
སྨན་བཅོས་བྱེད་ཐབས་འཕོ་འགྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་བ།
མི་ཐབས་རིག་ནུས་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས“སྲོལ་རྒྱུན་སྐྱོབ་བཅོས”དང“རིག་ལྡན་སྨན་བཅོས”ཕན་ཚུན་མཐུན་རྐྱེན་སྦྱོར་བར་སྐུལ་འདེད་ཇི་ལྟར་གཏོང་རྒྱུ་ནི་མིག་སྔའི་སྨན་བཅོས་བོད་སྐྱོར་ཚོགས་པས་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་ལས་གཞི་ཞིག་རེད། ས་ཁོངས་ཀྱི་ཚོད་འཛིན་མེད་པར་བཟོས་ཚེ་གཞི་ནས་བོད་སྐྱོར་གྱི་རྒྱབ་ཕྱོགས་ཆེན་པོའི་ཐོན་ཁུངས་གང་ལེགས་སྤྱོད་ཐུབ་ནས། བོད་ཀྱི་སྨན་བཅོས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བར་རམ་འདེགས་དེ་བས་ལེགས་པོ་བྱེད་ཐུབ་པ་སྨན་བཅོས་ཚོགས་པས་གསལ་པོར་ཤེས་ཀྱི་ཡོད།
མངའ་རིས་ས་ཁུལ་གྱི་AIརིག་ལྡན་རྒྱང་བསྟེན་ལྷན་འཛོམས་ནད་དཔྱད་ལས་སྟེགས་བདེ་བླག་ངང་སྤྱོད་འགོ་ཚུགས་པ་དེ་ནི་ཁོང་ཚོས་འཆར་འགོད་བྱས་པའི་སྨན་བཅོས་བོད་སྐྱོར་བྱེད་སྟངས་གསར་པ་ཞིག་རེད།
ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དང་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲང་ཞའོ་ཀང་གིས། ད་ལོའི་ཟླ་4ཚེས་15ཉིན། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་རྙོག་འཛིང་ཆེ་བའི་པྲོག་རྩའི་བརྙན་བཟོའི་གཤགས་བཅོས་ཤིག་བྱས་པའི་རྣམ་པ་ད་དུང་གསལ་ལེར་དྲན་གྱི་ཡོད། གཤགས་བཅོས་དེ་ནི་ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོའི་དགེ་རྒན་ཆེ་མོ་བ་ཐེན་ཧུང་ཡན་དང་དགེ་རྒན་ཆེ་མོ་བ་ཀུའོ་ཉིང་གིས་AIརིག་ལྡན་རྒྱང་བསྟེན་ལྷན་འཛོམས་ནད་དཔྱད་ལས་སྟེགས་བརྒྱུད་ས་གནས་དེ་གའི་སྨན་པ་དང་མཉམ་དུ་ལེགས་གྲུབ་བྱས་པ་ཞིག་རེད། གཤགས་བཅོས་བྱེད་པའི་བརྒྱུད་རིམ་ནང་རིགས་གཅིག་མཁས་ཅན་ཚོས་རབ་གསལ་བརྙན་ལམ་སྦྲེལ་ནས་དུས་ཐོག་ཏུ་མཛུབ་ཁྲིད་བྱས་པ་དང་། བཀོལ་སྤྱོད་བརྒྱུད་རིམ་ཚང་མ་གནད་ལ་འཁེལ་ཞིང་ནོར་འཁྲུལ་མེད་པའི་འགན་ལེན་བྱས་ནས་གཤགས་བཅོས་ལེགས་གྲུབ་ཡོང་བར་འགན་ལེན་ནུས་ལྡན་བྱས་ཡོད།
ཀྲང་ཞའོ་ཀང་གིས“མིག་སྔའི་བར་AIརིག་ལྡན་རྒྱང་བསྟེན་ལྷན་འཛོམས་ནད་དཔྱད་ལས་སྟེགས་ལ་བརྟེན་ནས། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་ལ་མཛུབ་ཁྲིད་བྱས་ཏེ་རྙོག་འཛིང་ཆེ་བའི་སྦུག་བཅོས་གཤགས་བཅོས་ཐེངས་ལྔ་ལེགས་གྲུབ་བྱས་ཡོད”ཅེས་བཤད་པ་དང་། ཁོང་གིས། འདི་ལོའི་ཟླ་4པར། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས་ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོ་དང་། མངའ་རིས་ས་ཁུལ་སྨན་རྩིས་ཁང་། བར་ག་ཤང་འཕྲོད་བསྟེན་ཁང་། གཞུང་པ་གྲོང་ཚོའི་འཕྲོད་བསྟེན་ཁང་སོགས་སྨན་བཅོས་ལས་ཁུངས་མང་པོ་དང་མཉམ་དུ་སྨན་བཅོས་མཉམ་འབྲེལ་ཚོགས་པའི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། “གྲངས་འཛིན་AIརིག་ལྡན་སྨན་བཅོས་འབྲེལ་ཚོགས”འཛུགས་སྐྱོང་ལས་དོན་ཚོད་ལྟའི་འཁོར་སྐྱོད་ཀྱི་དུས་རིམ་དུ་སླེབས་ཡོད་ཅེས་བཤད།
དཔུང་ཁག་སྟོབས་ཆེར་བཏང་ནས།
སྨན་བཅོས་ཤེས་ལྡན་པའི་སྟོབས་ཤུགས་གསར་པ་སྐྱེད་སྲིང་བྱས་པ།
པེ་ཅིང་སློབ་ཆེན་ཁ་སྦུག་སྨན་ཁང་ནས་ཡོང་བའི་ཧན་པིན་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཁ་སྦུག་སྡེ་ཁག་ཏུ“དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི”བོད་སྐྱོར་སློབ་ཁྲིད་ལས་དོན་གནས་བབ་གལ་ཆེན་དུ་བཞག་ཡོད། “སྨན་དོན་པས་ལག་རྩལ་ལེགས་སུ་བཏང་ན་གཞི་ནས་སྨན་བཅོས་ལས་དོན་སྔར་ལས་ལེགས་པར་སྒྲུབ་ཐུབ་སྟེ་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཐུབ”ཅེས་ཧན་པིན་གྱིས་བཤད། ལོ་གཅིག་གི་བོད་སྐྱོར་དུས་ཚོད་ཐུང་དྲགས་པས། ལག་རྩལ་བོད་དུ་དངོས་འབྲེལ་ཁྱབ་གདལ་ཡོང་བའི་ཆེད་དུ་ཁོང་གིས་སླར་ཡང་བོད་སྐྱོར་ལོ་གཅིག་བྱ་རྒྱུའི་རེ་འདུན་ཞུས་པ་རེད།
“རྒན་ཧན་པིན་ལགས་ཀྱིས་ལག་རྩལ་གསར་པ་དང་ཤེས་བྱ་གསར་པ་མང་པོ་བསླབས་པས། ང་རང་ཁ་སྦུག་གསོ་རིག་ལ་དགའ་ཞེན་སྔར་ལས་ཆེ་རུ་ཕྱིན་སོང”ཞེས་ཧན་པིན་གྱིས་ལག་རྩལ་བསླབས་པའི་ན་གཞོན་སྨན་པ་པད་མ་བདེ་སྐྱིད་ཀྱིས་འབྱུང་འགྱུར་ལ་རེ་བས་ཁེངས་བཞིན་དུ་དེ་ལྟར་བཤད། ཧན་པིན་གྱི་མཛུབ་ཁྲིད་ཞིབ་ཚགས་འོག་པད་མ་བདེ་སྐྱིད་ཡར་རྒྱས་ཟམ་མི་ཆད་པར་ཕྱིན་ཞིང་། སྔོན་ཐོན་གྱི་ཁ་སྦུག་སྨན་བཅོས་ལག་རྩལ་རིམ་བཞིན་ཁོང་དུ་ཆུད་དེ་ཐོག་མར་ག་བྱེད་འདི་བྱེད་མེད་པ་ནས་ད་ཆའི་བྱང་ཆ་དོད་པར་གྱུར་པ་དང་། ཁོང་གིས་རང་ཉིད་ཀྱི་འབད་འཐབ་དང་འཚར་ལོངས་ཀྱི་བརྒྱུད་རིམ་ལ་བརྟེན་ནས་བོད་སྐྱོར་སྨན་པའི་ལས་དོན་གྱི་དོན་སྙིང་ལ་གསལ་འགྲེལ་བྱེད་བཞིན་ཡོད།
བོད་སྐྱོར་ལོ་གསུམ་གྱི་དུས་ཚོད་ནང་ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་དང་ལྷ་རྩེ་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲུའུ་ཧྥ་ལིན་གྱིས་ཤེས་ལྡན་པ་གསོ་སྐྱོང་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ལོ་གསུམ་རིང་ཁོང་གིས་ཁག་ཐེངས་གསུམ་གྱི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། ལྷ་རྩེ་རྫོང་ལ་སྔོན་ཐོན་གྱི་སྨན་བཅོས་འདུ་ཤེས་དང་ལག་རྩལ་ཁྱབ་གདལ་བཏང་ཡོད། ལྷ་རྩེ་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱིས་སྨན་བཅོས་ལས་སྒོའི་རྐང་འཛིན་པ་52བདམས་ནས་ཧྲང་ཧའེ་དང་གཞིས་རྩེར་ཟབ་སྦྱོང་ལ་བཏང་སྟེ་ཁོང་ཚོར་དེ་བས་ཡངས་པའི་ལས་སྟེགས་སུ་ལག་རྩལ་སྦྱངས་ཏེ་རང་ཉིད་ཀྱི་ཆུ་ཚད་མཐོ་རུ་གཏོང་དུ་བཅུག་ཡོད།
དེ་འདྲའི“དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པའི”བྱ་གཞག་གི་རྒྱབ་ཏུ་བོད་སྐྱོར་སྨན་པ་ཚོས་དཀའ་སྤྱད་བློས་གཏོང་བྱས་པའི་འབྲས་བུ་ཡོད་ལ། དེ་ནི་ས་གནས་དེ་གའི་སྨན་དོན་པས་ལག་རྩལ་ཡག་ཏུ་ཧུར་ཐག་བཏང་བའི་བདེན་དཔང་ཡང་ཡིན།
འདི་ནི་བོད་སྐྱོར་སྨན་པ་ཧན་པིན(དཀྱིལ)གྱིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཁ་སྦུག་སྡེ་ཁག་གི་ན་གཞོན་སྨན་པ་འཁྲིད་དེ་ཕྲ་མཐོང་ཆེ་ཤེལ་ནས་སོའི་རྩ་སྦུག་ལ་སྨན་བཅོས་བྱེད་བཞིན་པ།
འདི་ནི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་པས(གཡོན་གྱི་གཉིས་པ)ས་གནས་དེ་གའི་སྨན་བཅོས་ཚོགས་པའི་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་ཚད་ལྡན་གསོ་སྐྱོང་གི་ཞིབ་བཤེར་དང་ལེན་བྱེད་བཞིན་པ།
འདི་ནི་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་པ་ཀྲང་ཞའོ་ཀང(གཡས)གིས་རྒྱང་བསྟེན་གཤགས་བཅོས་མ་ལག་འཁོར་སྐྱོད་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།
འདི་ནི་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་པས་མངའ་རིས་ས་ཁུལ་སྨན་རྩིས་ཁང་གི་སྨན་པར་Bསྒྲ་རླབས་ཀྱི་བརྙན་པར་མཉམ་སྤྱོད་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།