ལྷ་ས་གྲོང་ཁྱེར་གྱི་དངུལ་ཁང་དང་། འགན་བཅོལ། ཁེ་ལས་བཅས་ཀྱི་འབྲེལ་མཐུད་ཚོགས་འདུ་མཇུག་འགྲིལ་བ།
དངུལ་རྩས་དངུལ་བུན་སྒོར་དུང་ཕྱུར་58བཏང་ནས་དངོས་ཚན་དཔལ་འབྱོར་ལ་མཐུན་རྐྱེན་གནད་འཁེལ་སྦྱར་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་དངུལ་རྩས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་དངུལ་ཁང་དང་། འགན་བཅོལ། ཁེ་ལས་བཅས་ཀྱི་འབྲེལ་མཐུད་ཚོགས་འདུ་མཇུག་འགྲིལ་ཞིང་། ད་ཐེངས་ཀྱི་འབྲེལ་མཐུད་ཚོགས་འདུར“སྲིད་གཞུང་གིས་ལས་སྟེགས་སྐྲུན་པ་དང་། དངུལ་ཁང་དང་། འགན་བཅོལ། ཁེ་ལས་བཅས་ཀྱིས་མཐུན་སྦྱོར་བྱེད་པའི”རྣམ་པ་བརྒྱུད་ཆ་འཕྲིན་གྱི་བཀག་རྒྱ་ནུས་ལྡན་ངང་སེལ་བ་དང་། མ་དངུལ་བསྡུ་རུབ་ཀྱི་ལས་ཕྱོད་ཆེ་རུ་བཏང་ནས་དངུལ་རྩའི་ཐོན་ཁུངས་ཀྱིས་དངོས་ཚན་དཔལ་འབྱོར་ལ་གནད་ལ་འཁེལ་པོས་ཕན་འདོགས་པར་སྐུལ་འདེད་གང་ལེགས་བཏང་བ་རེད། མིག་སྔའི་བར། ལྷ་ས་གྲོང་ཁྱེར་དུ་བཅའ་སྡོད་དངུལ་ཁང་སྒྲིག་གཞིས་ཁེ་ལས་ཁག་170ལ་མ་དངུལ་བསྡུ་རུབ་ཀྱི་རྒྱབ་སྐྱོར་བྱས་པར་རིམ་རྩིས་བརྒྱབ་ན་དངུལ་བུན་སྒོར་དུང་ཕྱུར་58བཏང་ཡོད།
ཁེ་ལས་ཀྱི་མ་དངུལ་བསྡུ་རུབ་ཀྱི“གནད་ལ་འཁེལ་བའི་འཆར་འགོད་དང་གནད་ལ་འཁེལ་བའི་འབྲེལ་མཐུད”མངོན་འགྱུར་བྱ་ཆེད། ལྷ་ས་གྲོང་ཨུད་ནོར་སྲིད་གཞུང་ལས་ཁང(གྲོང་ཁྱེར་ས་གནས་དངུལ་རྩ་དོ་དམ་ཅུས)གིས་ཞབས་ཞུའི་ལམ་སྲོལ་གསར་གཏོད་བྱས་ཏེ། ཁེ་ལས་ཀྱི་ལས་ཞུགས་གཞི་ཁྱོན་སོགས་ལྟེ་བའི་དམིགས་ཚད་ལ་དམིགས་པ་དང“གོམ་སྟབས་བཞིར་དབྱེ་བའི”ལས་དོན་བྱ་ཐབས་བརྒྱུད་མ་དངུལ་བསྡུ་རུབ་ཀྱི་དགོས་མཁོར་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། ཁེ་ལས་ཁག་238ལ་ཁྱབ་པ་དང་སྤྱིའི་དགོས་མཁོ་སྒོར་དུང་ཕྱུར་125.5ཟིན་པའི《ལྷ་ས་གྲོང་ཁྱེར་ཁེ་ལས་ཀྱི་མ་དངུལ་བསྡུ་རུབ་དགོས་མཁོའི་མིང་ཐོ་དཀར་པོ》བཟོས་ཡོད།
ད་ཐེངས་ཀྱི་འབྲེལ་མཐུད་ཚོགས་འདུའི་ཐོག་ཁེ་ལས་ཁག་238ཀྱི་མ་དངུལ་བསྡུ་རུབ་ཀྱི་དགོས་མཁོ་སྒོར་དུང་ཕྱུར་125.5ལ་བརྡ་ལན་ནུས་ལྡན་བྱུང་བ་དང་ཁེ་ལས་ཁག་170ཡིས་དངུལ་བུན་མཉམ་ལས་གྲོས་མཐུན་ལེགས་གྲུབ་ལྡན་པའི་ངང་བཞག་ཡོད། བྱ་ཐབས་དེ་ལས་ས་གནས་དེ་གའི་མ་དངུལ་བསྡུ་རུབ་ཀྱི་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། ཁེ་ལས་ཀྱིས་ཐོན་སྐྱེད་རྒྱ་ཆེར་གཏོང་བ་དང་། ལག་རྩལ་རིམ་སྤོར་བྱེད་པ། ལས་ཞུགས་བརྟན་པོ་ཡོང་བ་བཅས་ལ་མ་དངུལ་གྱི་འགན་ལེན་ནུས་ལྡན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།