སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྤྱི་བདེའི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན།
རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་གཞོན་པ་ཕུའུ་ཝུའེ་ཏུང་ལ་བཅར་འདྲི་ཞུས་པ།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་མངགས་བཅོལ་ཟབ་མོས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་གཟུངས་མདངས་ཉམས་གསུམ་རབ་ཏུ་འཕེལ་ཡོད”ཅེས་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་གཞོན་པ་ཕུའུ་ཝུའེ་ཏུང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་ཅིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་བོད་ཀྱི་སྤྱི་བདེའི་ལས་དོན་ཡག་པོ་བསྒྲུབ་པར་བསམ་བློའི་དྲག་ཆས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ནུས་ལྡན་མཁོ་འདོན་གནང་ཡོད། བོད་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་གཟབ་བཞེས་དེ་འབད་འབུངས་ཀྱི་སྟོབས་ཤུགས་ཆེན་པོར་བསྒྱུར་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྤྱི་བདེའི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད།
དྲི་བ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་དང་ལྷག་པར་དུ་དུས་རབས་གསར་པ་ཤར་ཚུན་རང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་ཆེད་འབད་བརྩོན་གང་འདྲ་བྱས་ཡོད་དམ།
ལན། ཐོག་མཐའ་བར་གསུམ་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། སྤྱི་བདེ་པུའི་ཏང་ཨུད་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་བརྟན་སྲུང་དང་ལེགས་སྐྱེས་འབུལ་རྒྱུ་དེ་སྙིང་ཁོང་རུས་པའི་གཏིང་དུ་ཟུག་པར་བྱས་ནས་གཞུང་དྲང་འགན་སྒྲུབ་དང་དངོས་སྒྲུབ་ཐེག་ཁུར་གྱིས་ལས་དོན་དང་སློབ་སྦྱོང་ཁྲོད་དུ་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་བ་དང་། ཉམས་སད་ཐེག་ཐུབ་པའི་ནུས་རྩལ་གྱིས་ཞུན་བརྡར་སྤྲོས་པ། མང་ཚོགས་དང་འབྲེལ་འདྲིས་བཅས་བྱས་ཏེ། ད་ཆའི་ཉེན་རྟོག་པ་དང་མི་དམངས་དབར་གྱི“འོ་ཆུ་ལྟ་བུའི་མཛའ་བརྩེ་ཟབ་པའི”རྣམ་པ་བཏོད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་གཡས་གཞོགས་གཡོན་འདེགས་བྱས་ཡོད།
དྲི་བ། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཏང་གི་འགོ་ཁྲིད་གཙང་བཙན་འོག་ཇི་ལྟར་དཔའ་སྐྱེད་མདུན་སྐྱོད་བྱེད་དགོས་སམ།
ལན། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་གྱིས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་མདུན་སྐྱོད་ཀྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། ཉེན་རྟོག་པའི་བློ་སེམས་དཀར་བའི་བླ་སྲོག་བརྟན་དུ་གཏོང་བའི་ཐད་ཤུགས་རྒྱག་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། “སྤྱི་བདེའི་རུས་མིང་ཏང་ཡིན”པའི་ཆབ་སྲིད་ཀྱི་རྩ་བའི་ངོ་བོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་པ། གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཏང་གིས་སྤྱི་བདེའི་ལས་དོན་ལ་འགོ་ཁྲིད་གཙང་བཙན་དང་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ། དུས་བབ་དང་གནས་ཚུལ་གང་རུང་གི་འོག་ཏུའང་ཏང་ཀྲུང་དབྱང་ཀྱི་བཀོད་འདོམས་ལ་བརྩི་སྲུང་མཐའ་འཁྱོངས་ཞུ་བ་བཅས་བྱས་ཏེ། བོད་ཀྱི་སྤྱི་བདེའི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པའི་འགན་ལེན་བྱེད་དགོས།
དྲི་བ། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཇི་ལྟར་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་དགོས་སམ།
ལན། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ངེས་པར་དུ་བླ་ན་མེད་པའི་འགན་འཁྲི་ལག་ལེན་བསྟར་ཏེ་བདེ་འཇགས་དང་བརྟན་ལྷིང་སྲུང་བའི་ཐད་བྱས་རྗེས་གསར་པ་འཇོག་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སྔར་བས་བརྟན་པོར་འཛུགས་པ་དང་། ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་ལས་འགན་ཨང་དང་པོར་བརྩི་བ། ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་རྒྱུན་འཆང་མཐའ་འཁྱོངས་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོར་འཛུགས་པ། ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་དེ་རྒྱུན་དུ་སྤེལ་བ་དང་། རྟག་ཏུ་སྒྲུབ་པ། གཞི་རིམ་དུ་དོན་འཁྱོལ་བཅས་བྱེད་པ། འགལ་ཟླ་རྩོད་གཞི་དང་དེ་བཞིན་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་ཐག་གཅོད་རྒྱུན་མཐུད་སྤེལ་བ། ཁྲིམས་འགལ་ཉེས་གསོག་གི་འབུར་ཐོན་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ། སྤྱི་ཚོགས་བདེ་སྲུང་གི་སྤྱིའི་འགོག་ཟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཉམ་ཤུགས་གཅིག་སྒྲིལ་ངང་མཐའ་སྟོབས་མཐའ་བརྟན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་དམངས་ཀྱི་བདེ་སྐྱིད་དང་དུས་བདེ་འགན་སྲུང་བྱེད་པའི་བླ་ན་མེད་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་ཡག་པོ་སྒྲུབ་དགོས།
དྲི་བ། དུས་བབ་གསར་པ་དང་། ལས་འགན་གསར་པ། འགན་འཁྲི་གསར་པ་བཅས་ཀྱི་མདུན་དུ་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ལྷག་བསམ་ཟོལ་མེད་ངང་འགན་འཁྲི་སྒྲུབ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ཇི་ལྟར་གཡས་གཞོགས་གཡོན་འདེགས་བྱེད་དགོས་སམ།
ལན། བསྐྱོད་མྱོང་བའི་ལམ་བུར་ཕྱིར་མིག་བལྟས་ན། བོད་ཀྱི་སྤྱི་བདེས་འགྱུར་མེད་ཀྱི་སྒྲིག་ཁྲིམས་དང་འགྱུར་མེད་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་དཔུང་ཁག་ཧྲག་པོར་ཞུན་བརྡར་སྤྲས་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་འབད་འབུངས་བྱེད་པར་བོད་ཀྱི་སྤྱི་བདེས་ངེས་པར་དུ་ཉེན་རྟོག་ནན་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་དམག་ཧྲག་གཏོད་པའི་ཐད་ཕན་འབྲས་ཐོན་པར་བྱེད་དགོས། ཕྱོགས་ཡོངས་ནས་ཏང་དང་ཉེན་རྟོག་ལ་དོ་དམ་ནན་པོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དེ་བས་ཏན་ཏིག་ཁུར་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཉེན་རྟོག་པར་དྲོ་སྐྱིད་སྦྱིན་པ་དང་ཉེན་རྟོག་པར་དགའ་གཅེས་བྱེད་པའི་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱེད་པ། སྤྱི་བདེ་ལས་ཁུངས་ཀྱི་འཐབ་ནུས་གསར་མ་ཆེ་རུ་གཏོང་བའི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱེད་པ། སྤྱི་བདེའི་དཔུང་ཁག་གསར་བརྗེ་ཅན་དང་། ཚད་ལྡན་ཅན། ཆེད་ལས་ཅན། ལས་རིགས་ཅན་བཅས་ཀྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྨང་གཞི་བརྟན་གཏོང་དང་གསར་གཏོད་ཕྱོགས་སྒྱུར་ཁྲོད་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་གཡས་གཞོགས་གཡོན་འདེགས་བྱ་ཆེད་དཔུང་ཁག་གི་འགན་སྲུང་བརྟན་པོ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།