ལས་གནས་བརྟན་པོར་བསྲུངས། ཁྱིམ་ཚང་ཁྲི་སྟོང་བསྐྱངས།

འདི་ནི་མི་དམངས་ཉེན་རྟོག་པས་ཕྱི་རྒྱལ་གྱི་འགྲུལ་པར་རྒྱལ་ཁོངས་སུ་འཛུལ་བའི་ཆ་འཕྲིན་འབྲི་རོགས་བྱེད་བཞིན་པ།

འདི་ནི་ཕྱི་རྒྱལ་གྱི་འགྲུལ་པས་ལས་གནས་བརྟན་སྲུང་བྱེད་མཁན་མི་དམངས་ཉེན་རྟོག་པ་དང་མཉམ་པར་རྒྱག་བཞིན་པ།
དུས་ཆེན་གྱི་དགའ་སྤྲོའི་གླུ་དབྱངས་ཡུལ་གྲུ་ཀུན་ནས་གྲགས་པ་དང་ལྷན་འཛོམས་ཀྱི་འཆམ་མཐུན་རྣམ་པ་ཁྱིམ་ཚང་ཡོངས་ལ་ཁྱབ་པའི་དུས་གང་ཞིག་ཡིན་རུང་། རང་ཉིད་ཀྱི་ནང་མི་དང་ལྷན་འཛོམས་བྱེད་པའི་གོ་སྐབས་དོར་ཏེ་ཁྱིམ་ཚང་ཁྲི་སྟོང་མང་པོ་བསྲུངས་ནས་སྡོད་མཁན་མི་ཉུང་བ་ཞིག་ཡོད། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་ས་མཐོའི་ལྕགས་ལམ་ནས་སྡེ་ཁུལ་གྱི་ཁྲོམ་གཞུང་བར་དང་། ནུས་རྒྱུའི་གཡུལ་ས་དང་པོ་ནས་མཐའ་མཚམས་ཀྱི་གྲོང་ཚོ་གྲོང་རྡལ་བར་དུ། ལས་གནས་བརྟན་སྲུང་བྱེད་མཁན་ངལ་རྩོལ་པ་ཚོས་རྣམ་པ་སྣ་ཚོགས་ཐོག་ནས་གངས་ལྗོངས་ས་མཐོའི་བདེ་འཇགས་དང་དར་རྒྱས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཡོད།
ཉིན་མཚན་ཀུན་ཏུ་ལྕགས་ལམ་སྲུང་སྐྱོང་ཡག་པོ་བྱས་པ།
ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི(གཤམ་དུ“མཚོ་བོད་ཚོགས་པ་ཀུང་སི”ཞེས་བསྡུ་རྒྱུ)ལྷ་ས་འཁོར་དོན་དུམ་བུའི་ནག་ཆུ་འབབ་ཚུགས་སུ། འགྲུལ་སྐྱེལ་ལས་རེས་པ་ཡིན་པའི་པད་མ་ལྷ་འཛོམས་ཀྱིས་འཛུམ་མདངས་བསྟན་ཞིང་སྤྲོ་སེམས་འཁོལ་པོས་ལམ་ཞུགས་འགྲུལ་པ་ཚང་མར་དྲོ་སྐྱིད་སྦྱིན་ཡོད།
“དུས་ཆེན་གཉིས་རིང་འགྲོ་འོང་བྱེད་མཁན་མང་པོ་ཡོད་པས་ཧ་རེ་ཧུ་རེ་གཏན་ནས་བྱེད་མི་རུང”ཞེས་པད་མ་ལྷ་འཛོམས་ཀྱིས་སྒམ་ནན་གྱིས་བཤད། བོད་བྱང་ཐང་གི་འགྲིམ་འགྲུལ་ལྟེ་གནས་ཤིག་ཡིན་པའི་ནག་ཆུ་འབབ་ཚུགས་ནས་དུས་ཆེན་གཉིས་རིང་ཉིན་གཅིག་ལ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་རྒྱུན་གཏན་ལས་བཅུ་ཆ་གསུམ་ཙམ་འཕར་ཡོད།
འགྲུལ་པ་ལྡབ་འཕར་སོང་བའི་སྐབས་སུ། ཁོ་མོས་སྒྲིག་ལམ་སྲུང་སྐྱོང་དང་སྐད་ཆ་དྲིས་པར་ལན་འདེབས་དགོས་པ་མ་ཟད། ད་དུང་འགྲུལ་པ་ལ་ལར་རོགས་རམ་ཡང་བྱེད་དགོས་པས། ལས་འགན་ཧ་ཅང་ལྗིད་པོ་ཡོད།
“བུ་མོ། ངའི་ཐོབ་ཐང་ལག་ཁྱེར་རྙེད་ཀྱི་མིན་འདུག གང་འདྲ་བྱས་ན་དགའ་ཡི་རེད་དམ”ཞེས་ཡུལ་སྐོར་བ་ཞིག་གིས་དངངས་འཚབ་ཆེན་པོས་དྲིས་པར། པད་མ་ལྷ་འཛོམས་ཀྱིས“ཨ་ཅག་ལགས། དངངས་འཚབ་མ་གནང་དང་། ངས་ལག་ཐོགས་ཁ་པར་ནས་ཁྱེད་ལ་གནས་སྐབས་ཀྱི་ཐོབ་ཐང་ལག་ཁྱེར་གཉེར་རོགས་ཞུས་ཆོག”ཅེས་བཤད།
ཉིན་གཅིག་ཁོ་ནར་ཞབས་ཞུ་སྟེགས་བུའི་ཟིན་དེབ་ཐོག་ཞབས་འདེགས་ཞུས་པའི་དོན་ཚན་མང་པོ་འཁོད་པ་སྟེ། ཡུལ་སྐོར་བ་མི་ཐེངས་12ལ་རོགས་རམ་བྱས་པ་དང་། བློ་འདྲི་ཐེངས་200ལྷག་ཙམ་དང་ལེན་བྱས་པ། གནས་སྐབས་ཀྱི་ཐོབ་ཐང་ལག་ཁྱེར་ཐེངས་18གཉེར་རོགས་བྱས་པ་ལ་སོགས་རེད།
ས་བབ་སྨི་4000ལྷག་ཙམ་ཡོད་པའི་མེ་འཁོར་ཕུག་ལམ་གྱི་འགྲམ་དུ་ལྟ་སྲུང་བྱེད་མཁན་གཞན་ཞིག་ཡོད་པ་སྟེ། མཚོ་བོད་ཚོགས་པ་ཀུང་སིའི་ལྷ་ས་རྨང་གཞིའི་སྒྲིག་བཀོད་དུམ་བུའི་གློག་གཏོང་ཉམས་བཟོ་འཁོར་ཁང་གི་གློག་སྒྱུར་གློག་གཏོང་ཉམས་བཟོ་ལས་ཁུལ་གྱི་ལས་དཔོན་གཞོན་པ་བསྟན་འཛིན་ཚེ་རིང་གིས་ལས་རོགས་ཚོའི་སྣེ་ཁྲིད་དེ། ལྗིད་ཏིག་ཏིག་གི་ལག་ཆའི་ཁུག་མ་ཁྱེར་ནས་གཡང་གཟར་བའི་ལམ་སྐྱོར་སྦྱར་རྩིག་ཐོག་འཛེགས་བཞིན་ཡོད།
“གཅུས་གཟེར་ཚང་མ་དམ་པོར་རྒྱོབ་ཨང་། མཐུད་ཁ་ཚང་མ་ཡག་པོ་མཐུད་ཨང”ཞེས་པའི་བསྟན་འཛིན་ཚེ་རིང་གི་སྐད་སྒྲ་ལྷགས་པའི་ཁྲོད་དུ་དེ་བས་ཀྱང་གྲགས་ཤུགས་ཆེ། དུས་ཆེན་གཉིས་རིང་རྦད་དེ་བདེ་འཇགས་ཡོང་བར་འགན་ལེན་བྱེད་ཆེད། ཁོང་ཚོས་འགག་རྩའི་སྒྲིག་ཆས་ལ་སྐོར་ཞིབ་བྱེད་གྲངས་ལྡབ་གཅིག་མང་དུ་བཏང་ཡོད། གྲ་སྒྲིག་ཨང་གསར་བྱས་པའི་ལག་ཆའི་ཁུག་མའི་ནང་གི་ལག་ཆ་དེ་དག་ལས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཁོང་ཚོའི་ཐོག་མའི་བསམ་འདུན་མཚོན་གྱི་ཡོད།
ཉིན་གུང་བསྟན་འཛིན་ཚེ་རིང་དང་ལས་རོགས་ཚོས་རེས་མོས་སུ་དགུང་ཟས་སྟབས་བདེ་ཞིག་བཟས། “ནང་མི་དང་ལྷན་འཛོམས་བྱུང་མ་སོང་། དེ་གའི་སྒྲིག་ཆས་ཚང་མ་ང་ཚོའི‘ནང་མི’དང་ཁྱད་མེད”ཅེས་དང“དེ་ཚོ་རྒྱུན་གཏན་བཞིན་འཁོར་སྐྱོད་ཐུབ་པར་འགན་ལེན་བྱ་རྒྱུ་ནི་ང་ཚོའི་དུས་ཆེན་གྱི་མཛད་སྒོ་ཡིན”ཞེས་གད་མོ་དགོད་ཀྱིན་སྤོབས་པ་ཆེན་པོས་བཤད།
སྡེ་ཁུལ་བདེ་འཇགས་ཡོང་ཆེད་སྐོར་གཡེང་དུ་བསྐྱོད་པ།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་གྲྭ་བཞི་མངགས་གཏོང་ཁང་གི་ཁོངས་གཏོགས་སུ། “སེ་འབྲུའི་རྡོག་པོ”ཞེས་པའི་སྐོར་གཡེང་རུ་ཁག་གི་རུ་མི་ཚོས་ཚེས་གསུམ་ཐང་ལམ་གྱི་ནང་ཆས་རྙིང་པའི་ཚོང་རའི་ལམ་རྒྱུད་དུ་ཕར་འགྲོ་ཚུར་འོང་བྱས་ནས་ས་ཁོངས་འདིའི་བདེ་འཇགས་ལ་སྲུང་སྐྱོང་བྱས་ཡོད།
མི་དམངས་ཉེན་རྟོག་པ་དང་། ཚོང་དུད། དུད་ཚང་། སྡེ་ལས། “གཉིས་ལྡན་དུད་སྦྲེལ” སྡེ་ཁུལ་གྱི་ལས་དོན་མི་སྣ་སོགས་ལས་གྲུབ་པའི་སྐོར་གཡེང་རུ་ཁག་དེ་སྡེ་ཁུལ་གྱི་སྲུང་མ་ལྟ་བུར་གྱུར་ཡོད།
སྐོར་གཡེང་རུ་ཁག་དེ་གཞན་དང་མི་འདྲ་བར་དམིགས་བསལ་ཞིག་ཡོད་པ་སྟེ། སྐོར་གཡེང་དུས་ཚོད་དང་། གཙོ་གནད་སྐོར་ཞིབ་ས་ཁོངས། ཞིབ་ཕྲའི་ལས་ཀ་བྱེད་སྟངས་བཅས་ཚང་མ་གྲོང་མིས་གྲོས་བསྡུར་བྱས་ནས་ཐག་གཅོད་ཀྱི་ཡོད་པས། བཅོས་སྐྱོང་གི་རང་འགུལ་དབང་ཆ་དེ་དངོས་གནས་མང་ཚོགས་ཀྱི་ལག་ཏུ་ཡོད།
“ང་ཚོས‘མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་འཁུར་བ། མི་ཚང་མས་ལོངས་སུ་སྤྱོད་པ’བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་ཚོགས་པ་ཞིག་གཏོད་འདོད་ཡོད། ཉེ་འགྲམ་དུ་བྱུང་བའི་གནས་ཚུལ་ལ་རྒྱུས་མངའ་ཆེ་ཤོས་ནི་མང་ཚོགས་རེད། འགལ་ཟླ་དང་རྩོད་གཞི་ཐོན་ཚེ། ཁོང་ཚོ་ཕྱོགས་གཉིས་པོའི་གནས་ཚུལ་ལ་རྒྱུས་མངའ་ཆེ་བས། འདུམ་འགྲིག་བྱེད་སྐབས་ཕན་ཚུན་བསམ་ཤེས་བྱེད་ཐུབ་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཤེས་རྟོགས་བྱུང་མ་ཐག་ཁོང་ཚོས་ཚོགས་པའི་ནང་སྐུར་བཞིན་པས། གྲོང་པ་ཁྱིམ་མཚེས་དབར་ལ་མ་མཐུན་པ་བྱུང་མ་ཐག་ཁོང་ཚོས་ལམ་སེང་ང་ཚོར་ཤོད་ཐུབ”ཅེས་གྲྭ་བཞི་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ལི་ཧུའེ་ཕིང་གིས་བཤད།
སྐོར་གཡེང་རུ་ཁག་ཕུད་གྲྭ་བཞི་མངགས་གཏོང་ཁང་གིས་ད་དུང“སྐེ་དར་དམར་པོའི་བསུ་སྐྱེལ་ར་བ”བཙུགས་ཏེ། དུས་ཐོག་ཏུ་བསུ་མི་ཐུབ་པའི་སློབ་མར་ངལ་གསོ་དང་སློབ་སྦྱོང་བྱ་ཡུལ་མཁོ་འདོན་བྱས་ནས“གནས་སྐབས་ཀྱི་ཁྱིམ་བདག”བྱས་པ་དང་། “བཀྲ་ཤིས་འདུམ་འགྲིག་ཁང”བཙུགས་པ་བརྒྱུད། ཁྱིམ་མཚེས་དབར་དང་ཚོང་དུད་དབར་ལ་ཁ་རྩོད་ཤོར་སྐབས“གནས་ལུགས་ཤོད་ས”ཞིག་བྱུང་ཡོད།
འཐབ་ས་དང་པོར་འབད་འཐབ་བྱས་ནས་མཁོ་སྤྲོད་འགན་ལེན་བྱས་པ།
ཟླ་10ཚེས་1ཉིན། ཧྭ་གློག་ཀུང་སིའི་བོད་ཀྱི་རླུང་གློག་རྣམ་གྲངས་དང་པོ་བདེ་བླག་ངང་དྲ་སྦྲེལ་ཐུབ་སྟེ་གློག་གཏོང་འགོ་ཚུགས་ཤིང་། དྲ་སྦྲེལ་གྱི་འགག་རྩའི་དུས་མཚམས་སུ་རྣམ་གྲངས་ཅིང་ལི་ལི་ཡུས་ཀྱིས་ཉིན་འགའ་བསྟུད་མར་ལས་ཡུལ་དངོས་སུ་བརྟན་སྲུང་བྱས་ཏེ། གློག་ཤུགས་ཚོད་ལྟ་དང་སྙོམས་སྒྲིག་ཚོད་ལྟའི་ལས་དོན་བདེ་བླག་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་ཡོད།
“དུས་ཆེན་གཉིས་རིང་ང་ཚོས་བདེ་འཇགས་དང་སྤུས་ཚད་འགན་ལེན་བྱེད་པའི་རྨང་གཞིའི་ཐོག རྣམ་གྲངས་དེ་ནས་ཤོང་ཚད་ཧྲིལ་པོའི་ཐོག་ནས་གློག་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་ལི་ཡུས་ཀྱིས་བཤད།
གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་ཧྭ་གློག་འཕྱོངས་རྒྱས་60MWརླུང་གློག་རྣམ་གྲངས་ཀྱི་ཡུལ་དངོས་སུ། ན་ནིང་སློབ་གྲྭ་ཐོན་མ་ཐག་པའི་ཀྲའོ་དབྱི་ཕེང་གིས་ཐེངས་དང་པོར་རྣམ་གྲངས་ཀྱི་ལས་ཡུལ་དུ་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་བཏང་བ་རེད། “རླུང་འཁོར་གྱི་རྨང་གཞིའི་ཨར་ལས་དང་སྒྲིག་ཆས་འདེགས་སྒྲིག་གྲ་སྒྲིག་སོགས་འགག་རྩའི་ལྷུ་ཚིགས་སུ་ལས་ཀ་བྱེད་རྒྱུ་བྱུང་བར། ང་རང་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག གུང་གསེང་རིང་ཁྱིམ་དུ་ལོག་ནས་ནང་མི་མཉམ་འཛོམས་བྱེད་ཐུབ་མ་སོང་། འོན་ཀྱང་ངའི་བསམ་པར་ས་མཐོའི་ཟླ་བ་དེ་བས་འོད་འཚེར་བ་དང་སྒོར་བ་ཞིག་འདུག”ཅེས་ཀྲའོ་དབྱི་ཕེང་གིས་བཤད།
མཐའ་སྲུང་དང་ས་སྲུང་གི་བརྩེ་དུང་དེ་བས་ཟབ་པ།
ཁྱིམ་ཚང་ཁྲི་སྟོང་མང་པོ་མཉམ་འཛོམས་བྱེད་པའི་དུས་སུ། མཐའ་མཚམས་ཀྱི་འཐབ་ས་དང་པོར་ཡོད་པའི་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་གྲོང་རྡལ་གྱི་གཞི་རིམ་ལས་བྱེད་པས་སྔར་བཞིན་ལས་གནས་བརྟན་སྲུང་བྱེད་བཞིན་མཆིས།
ཟླ་མཆོད་དུས་ཆེན་ཉིན་མོའི་ཞོགས་པར་བཀྲ་ཤིས་སྒང་གྲོང་རྡལ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲུའུ་ཅ་ལུན་ལ་ཡུན་ནན་དུ་ཡོད་པའི་ནང་མིས་བསྐུར་བའི“དུས་ཆེན་ལ་རྟེན་འབྲེལ་ཞུ”ཞེས་པའི་འཚམས་འདྲིའི་འཕྲིན་ཐུང་འབྱོར། སྐབས་དེ་དུས་ཁོང་གི་སེམས་པ་སྐྱོ་ལྷང་ལྷང་དུ་གྱུར། དེ་ནི་ཁོང་ཁྱིམ་དུ་ལོག་མ་ཐུབ་པར་གཞན་ཡུལ་དུ་ཟླ་མཆོད་དུས་ཆེན་གཏོང་ཐེངས་བཅུ་གཉིས་པ་རེད།
ཀྲུའུ་ཅ་ལུན་2014ལོར་ལས་ཀར་ཞུགས་པ་དང་། 2019ལོར་བཀྲ་ཤིས་སྒང་གྲོང་རྡལ་དུ་ལས་ཀར་ཡོང་། ཡུལ་དེ་གར་སླེབས་པ་ནས་བཟུང་ཟླ་མཆོད་དུས་ཆེན་འཆར་རིམ་བཞིན་ཁོང་ལས་རེས་ཁང་དུ་སྡོད་བྱ་འཁེལ་བ་མིན་ན་དུད་ཚང་དུ་བསྐྱོད་ནས་འཚམས་འདྲི་བྱེད་པའི་ལམ་དུ་ཡོད། ཁོང་གིས་རྟག་ཏུ་མ་གཞི“རང་ཁྱིམ་ཆུང་ངུར”མཉམ་འཛོམས་ཡོང་བའི་རེ་སྒུག་བྱེད་མོད། འོན་ཀྱང་གྲོང་རྡལ་ནང་གི“ཁྱིམ་ཚང་ཆེན་པོ”འདིར་ཡང་དེ་དང་འདྲ་བའི་དྲོ་སྐྱིད་ལྡན་འདུག་ཅེས་ཤོད་ཀྱི་ཡོད།
ཁོང་གིས་ཡུལ་མི་རྣམས་ཁང་པ་གོག་ཧྲུལ་ནས་དཀར་ཆ་དོད་པའི་ཐོག་བརྩེགས་གཉིས་ལྡན་གྱི་ཁང་པར་སྤོས་པ་དང་། གནམ་དྭངས་བའི་སྐབས་ལམ་བར་ཐལ་རྡུལ་གྱིས་ཁེངས་པ་དང་ཆར་དུས་སུ་འདམ་རྫབ་ཀྱིས་ཁེངས་པའི་གྲོང་གསེབ་ཀྱི་བྱེ་རྡོའི་ལམ་འདི་སྣུམ་ནག་གཞུང་ལམ་དུ་གྱུར་པ། ས་རྒོད་དང་ས་སྟོང་མར་པོར་ཡང་ད་ཆ་གང་སར་སྔོ་ལྗང་གིས་བཀླུབས་པ་བཅས་ལ་བདེན་དཔང་བྱས་ཡོད། འགྱུར་ལྡོག་དེ་དག་ཚང་མ་ནི་དངོས་དངོས་རྗེན་རྗེན་གྱི་འཕེལ་རྒྱས་ཁྲོད་ནས་མངོན་ཞིང་། འདི་ལོའི་ཟླ་བ་ལྔ་པའི་བར་བཀྲ་ཤིས་སྒང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.07ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་50.6%འཕར་ཡོད།
འབྲེལ་ཡོད་གསར་འགྱུར།