ཡར་ཀླུང་གཞུང་དུ་ལྗང་མདོག་དཔལ་འབྱོར་གྱི་ཚ་རླབས་འཕྱུར་བ།
—— ལྷོ་ཁའི་སྐྱེ་ཁམས་ཐོན་ལས་ཀྱི་འཐབ་ས་དང་པོའི་མཐོང་ཐོས།
ཡར་ཀླུང་གཙང་པོ་འདི་ཉིད་སྙེ་མོའི་ཐོག་ཤར་བརྒྱུད་ནས་དལ་བུར་རྒྱུགས། དེ་རྗེས་གོང་དཀར་ནས་ཟངས་རི་བར་གྱི་ཡངས་ཤིང་རྒྱ་ཆེ་བའི་ལུང་གཞུང་དུ་དྲ་བ་བཀྲམ་པ་ལྟར་གྱི་ཆུ་ལམ་གྲངས་མེད་ཆགས།
སྤྱི་ལེ་160ཡི་རོང་ཤུར་དེ་ནི་དེ་སྔ་བྱེ་རླུང་གི་འབྱུང་ཁུངས་ཡིན་མོད། ད་ཆ་དེ་གར་ལྗང་མདོག་དཔལ་འབྱོར་གྱི་གྲུབ་འབྲས་གསར་པས་ཁེངས། ང་ཚོ་སྐྱོད་སའི་ལམ་བར་དུ་ལྷོ་ཁའི་ལམ་རྒྱུད་ཀྱི་སྔོ་ལྗང་མཛེས་ལྗོངས་ཧང་སངས་དགོས་པ་འདུག ས་མཐོའི་མི་རྣམས་ཀྱིས་བྱེ་བཅོས་སྔོ་འགྱུར་གྱི་སྙིང་སྟོབས་ཀྱིས་བདེན་དཔང་བྱེད་མཁན་ཚང་མར་སེམས་འགུལ་ཐེབས་ཡོད།
དེ་སྔ་གང་སར་བྱེ་རླུང་ལྡང་བའི་གྲ་ནང་རྫོང་དུ་ཐང་རྒོད་ཅན་གྱི་ས་ཁྱོན་གྱིས་རྫོང་ཁོངས་རྒྱ་ཁྱོན་གྱི་ཕྱེད་ཙམ་བཟུང་བ་དང་། ད་ཆ་ཀུ་ཤུའི་སྡོང་པོ་ཐུང་གྲས་མུའུ་ཁྲི་3གྲལ་སྟར་བསྒྲིགས་ནས་ནགས་ཚལ་ལྟ་བུར་གྱུར་ཡོད། ལོ་4ཡི་རིང་། ས་གནས་དེ་གས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་5.45བཏང་ནས། གྲང་འགོག་ཐན་འགོག་གི་ཀུ་ཤུའི་སྡོང་ཕྲུག་ནང་འདྲེན་བྱས་པས། ལོར་ཀུ་ཤུ་ཏུན་3000ཐོན་སྐྱེད་ཐུབ་པ་དང་། རྒྱལ་སྤྱིའི་ཁྲོམ་རར་བཏོན་ནས། ཀུ་ཤུ་འདེབས་མཁན་ཞིང་པ་600ལྷག་ཙམ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད།
ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སྣུར་སྲིང་བྱས་པ་ལས། “གོང་དཀར་རྫོང་དེ་ཉིད་དེ་སྔའི་བྱེ་རྡུལ་གྱིས་ཁེངས་པ་ནས་ད་ཆ་གང་སར་སྔོ་ཐིང་ངེར་གྱུར་པ་དང་གནམ་ཐང་མཐའ་འཁོར་གྱི་རི་བོ་ཚང་མ་སྔོ་ཐིང་ངེར་གྱུར་ཡོད”ཅེས་རྫོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲང་ཡུས་ཀྱིས་གསར་འགོད་པར་བཤད།
བྱེ་བཅོས་བྱས་པ་ལས་སྐྱེ་ཁམས་ཡག་ཏུ་ཕྱིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱིས་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་ཡོད། ལྷོ་ཁས་རང་སྐྱོང་ལྗོངས་ཀྱི“གཙང་པོ་གཅིག་དང་ཆུ་བོ་གཉིས”དང“གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོའི་ལས་གྲྭར་བརྟེན་ནས་བྱེ་འགོག་བྱེ་བཅོས་དང་ཤིང་འཛུགས་ནགས་གསོར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། “སྐྱེ་ཁམས་སྟོབས་ཆེའི་གྲོང་ཁྱེར”གྱི་འཐབ་ཇུས་བཏོན་ནས། ལས་བྱེད་པ་དང་མང་ཚོགས་འོས་འགན་ཤིང་འཛུགས་དང་ལྗང་སྲུང་བྱ་སྤྱོད་ནང་ཧུར་ཐག་ཞུགས་པའི་སྒྲིག་འཛུགས་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ལྷོ་ཁའི་རྒྱུད་དུ། རིམ་རྩིས་བརྒྱབ་ན། བྱེ་འགོག་བྱེ་བཅོས་མུའུ་ཁྲི་71.79བྱས་པ་དང་། བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་གྱི་བྱེ་བཅོས་རྒྱ་ཁྱོན་མུའུ་ཁྲི་5.01ལྷག་ཙམ་ཟིན་པ། ཤིང་འཛུགས་ནགས་གསོ་མུའུ་ཁྲི་50.53བྱས་ཡོད་པ་རེད།
“སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་དུ་འགྱུར་བ” ལྷོ་ཁས“ལེ་དབར་བརྒྱ་ཡི་སྐྱེ་ཁམས་བར་ཁྱམས”དང“དུང་ཕྱུར་བརྒྱ་ཡི་ཐོན་ལས་བར་ཁྱམས” “མུའུ་ཁྲི་ཡི་སྐྱེ་ཁམས་ཐོན་ལས”གསུམ་པོ་ཧུར་ཐག་བསྐྲུན་ནས་ལྷོ་ཁར་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བསྐྲུན་ནས་མི་སེར་ཚོས་ལྗང་མདོག་གི་བདེ་སྐྱིད་ལོངས་སྤྱོད་ཐུབ་སྟེ“ལྗང་མདོག་དང་ཡོང་འབབ་གཉིས་ཀ་འཕར་སྣོན”ཡོང་བར་རམ་འདེགས་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། ལྷོ་ཁས་གྲ་ནང་དང་། སྣེ་གདོང་། ཟངས་རི་སོགས་རྫོང(ཆུས)དུ་ཀུ་ཤུ་དང་། སྟར་ཁ། རྒུན་འབྲུམ་སོགས་ཁྱད་ལྡན་དཔལ་འབྱོར་ནགས་ཤིང(ལོ་ཏོག)མུའུ་ཁྲི་8.87བསྐྲུན་ནས“དཔྱིད་དུས་སུ་མེ་ཏོག་གི་མཛེས་སྡུག་ལ་རོལ་བ་དང་། དབྱར་དུས་སུ་ཚ་གཡོལ་བྱེད་པ། སྟོན་དུས་སུ་ཤིང་འབྲས་འཐུ་བ། དགུན་དུས་སུ་ལས་སྣོན་བྱེད་པ”བཅས་ཀྱི་དུས་བཞིའི་ཐོན་ལས་འཁོར་འབྲེལ་ཐོག་མར་ཆགས་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས། ལྷོ་ཁ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་ཉམས་གསོ་དང་། ཁྱད་ལྡན་ཞིང་ལས། ནུས་རྒྱུ་གཙང་མ། གྲངས་འཛིན་དཔལ་འབྱོར་སོགས་ཕྱོགས་མང་པོར་ཤུགས་སྣོན་བརྒྱབ་སྟེ། ལྗང་མདོག་དཔལ་འབྱོར་གྱི་མེ་ཏོག་གང་སར་བཞད་ལ། འབྲས་བུ་གཡུར་དུ་ཟ་བའི་རྣམ་པ་བཟང་པོ་ཐོན་ནས་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་བསྣན་ཡོད།
ཉེ་ཆར། གྲ་ནང་རྫོང་གྲ་ཕྱི་ཤང་ནོར་སྟོད་གྲོང་ཚོའི་ཀྲའོ་ཝ་50ཡི་འོད་ཤུགས་བྱེ་བཅོས་ཀྱི་དཔེ་སྟོན་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་རླུང་ཤུགས་དང་འོད་ཤུགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོར་བརྟེན་པ་དང་། “ཐཱན་གཉིས”དམིགས་ཚད་ལ་གཞིགས་ཏེ་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཡར་ཀླུང་གཙང་པོའི་ཆུ་གཞུང་ཨ་མའི་སྐས་རིམ་གློག་ཁང་དང་། ས་བབ་མཐོ་བའི་འོད་ཤུགས་བྱེ་བཅོས་དཔེ་སྟོན་གླིང་། ཁ་ཐོར་རྣམ་པའི་རླུང་ཤུགས་བར་ཁྱམས་སོགས་ཀྱི་རྣམ་གྲངས་ལ་རིམ་པ་བཞིན་སྐུལ་འདེད་བཏང་ཡོད། མིག་སྔར། ལྷོ་ཁའི་འོད་ཤུགས་གློག་ཁང་གི་གློག་འདོན་འཕྲུལ་འཁོར་ཨ་མའི་གཞི་ཁྱོན་ཆན་ཝ་ཁྲི་15ཟིན་ནས་ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2.5ལས་བརྒལ་བ་དང་། སྔོན་དཔག་བྱས་ན། ལོ་ལྟར་གློག་དངོས་སུ་གཏོང་ཚད་ཀྱིས་དུད་ཚང་ཁྲི་1.2ཙམ་གྱི་ལོ་གཅིག་གི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།
དེ་དང་ཆབས་ཅིག“སྙིགས་མེད་ལས་ཁུངས་དང་། སྙིགས་མེད་མཛེས་ལྗོངས་ཁུལ། སྙིགས་མེད་སློབ་གྲྭ་སོགས་རིགས་11གི‘སྙེགས་མེད་ཚན་པ’99བསྐྲུན་པ་དང་འབྲེལ་སྒོ་བྱང་ཡང་བཀལ་ཡོད”ལྷོ་ཁ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་གྲངས་གཞི་ལས་མངོན་པར།“སྙེགས་མེད་གྲོང་ཁྱེར”འཛུགས་སྐྲུན་གྱི་དམིགས་ཚད་རྣམ་གྲངས་41ཁྲོད་ཀྱི་རྣམ་གྲངས་34སྔོན་ལ་“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་དམིགས་ཚད་དུ་སླེབས་ཡོད། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གནོད་མེད་ཐག་གཅོད་བྱེད་ཚད་དང་། སྨན་བཅོས་ཟོག་རོ་གཅིག་སྡུད་ཐག་གཅོད་བྱེད་ཚད། ཕྱུགས་རིགས་ཀྱི་ལྕི་བ་དང་བྱ་བྲུན་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་བཅས་98%དང་། 100% 92%སོ་སོར་མཐོ་རུ་ཕྱིན་ཡོད། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་སྲོལ་གཏོད་ཀྱི་དཔེ་སྟོན་ཁུལ་1དང་། རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་ཤང་དང་གྲོང་རྡལ་49 དཔེ་སྟོན་གྲོང་ཚོ་དང་གྲོང་ལྷན་420བཅས་ལྷན་ཅིག་ཏུ་སྦྲེལ་ནས་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད།
ལྗང་མདོག་དེ་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་རྨང་གཞིར་གྱུར་ནས་མི་རིགས་ཁག་གི་མང་ཚོགས་ཚོར་རི་སྔོན་ཆུ་དྭངས་ཁྲོད་སྐྱེ་ཁམས་ཀྱི་ཡོང་འབབ་བརྟན་པོ་བྱུང་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་ལོ་40ཡི་རིང་སྐྱེ་ཁམས་ཉམས་གསོ་དང་ཐོན་ལས་དར་རྒྱས་ཀྱི་ལོ་རྒྱུས་སྙན་ངག་རིང་མོ་ཞིག་བརྩམས་ཏེ། ཡར་ཀླུང་གཙང་པོའི་ངོགས་གཉིས་སུ་ལྗང་མདོག་གི་རླབས་རྒྱུན་མུ་མཐུད་འཕྱུར་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།