རྒྱང་ལམ་གསར་པར་གཞི་ཚུགས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་གསར་པ་ཧུར་ཐག་སྐྲུན་དགོས།
—— ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་བསམ་གྲུབ་ཚེ་རིང་ལ་བཅར་འདྲི་ཞུས་པ།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་དུས་རབས་ཀྱི་འཕར་རྩར་དམ་པོར་དམིགས་པ་དང་བོད་ཀྱི་ཆོས་ཉིད་སྟངས་འཛིན་བྱས་པས། ང་ཚོར་དད་སེམས་ཀྱི་སྐུལ་སློང་དྲག་པོ་དང་། ཁ་ཕྱོགས་གསལ་སྟོན། ཡར་བརྩོན་གྱི་སྟོབས་ཤུགས་ཆེན་པོ་བཅས་སྦྱིན་ཡོད”ཅེས་ཉིན་ཤས་གོང་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་བསམ་གྲུབ་ཚེ་རིང་གིས་འདི་ག་ཚགས་པར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་ཅིང་། ཁོང་གིས། ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་དྲིལ་བསྒྲགས་ལག་བསྟར་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་ཡུན་རིང་གི་འཐབ་ཇུས་ལས་འགན་ཞིག་ཏུ་བརྩིས་ཏེ། ལྷོ་ཁའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་སྤྱོད་དངོས་དང་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོར་དྲིན་ལན་འཇལ་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཐོང་ཆེན་དང་རྒྱབ་སྐྱོར་ལ་དྲིན་ལན་འཇལ་གྱི་ཡོད་ཅེས་བརྗོད།
དྲི་བ། ལྷོ་ཁས་བརྟན་ལྷིང་སྲུང་སྐྱོང་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་སོགས་ཀྱི་ཐད་ཞིབ་ཕྲའི་བྱེད་ཐབས་གང་ཞིག་སྤྱོད་ཀྱི་ཡོད་དམ།
ལན། བརྟན་ལྷིང་སྲུང་སྐྱོང་ནི་ང་ཚོའི་ལས་དོན་གྱི་ལས་འགན་ཨང་དང་པོ་ཞིག་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཆེར་སྐྱེད་རྒྱུན་འཁྱོངས་བྱས་ནས། ཚན་རིག་དང་མཐུན་པའི་ངང་ལས་དོན་ཡག་པོ་བསྒྲུབས་ན་གཞི་ནས་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་དང་བརྟན་ལྷིང་གི་རྣམ་པ་བཟང་པོ་བརྟན་དུ་གཏོང་ཐུབ། ལྷོ་ཁ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་བཏང་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ཀྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ་དང་།“ལོ་རྒྱུས་ལྔ”དང་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་རང་བཞིན་གྱི་སྒོ་ནས“ཤེས་དཔལ་ཡར་བརྩོན་གྱི་སྲོལ་གསར་སྐྱེད་སྲིང་དང་། བདེ་ཐང་དང་བདེ་སྐྱིད་ཀྱི་འཚོ་བར་བརྩི་མཐོང་བྱེད་པའི”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་དང་ཁྱབ་གདལ་ཤུགས་ཆེན་གཏོང་བ། ལྷོ་ཁ་དང་སྤུན་ཟླའི་ས་གནས་དང་གྲོང་ཁྱེར་དབར་གྱི་དཔལ་འབྱོར་དང་། རིག་གནས། མི་སྣ་བཅས་ཀྱི་ཕྱོགས་གཉིས་སྤེལ་རེས་ལ་སྐུལ་འདེད་རྒྱུན་མཐུད་བཏང་སྟེ། གཅིག་ལ་གཅིག་འབྲེལ་དང་། ཕན་ཚུན་མཉམ་འདྲེས། འཆམ་མཐུན་མཛེས་སྡུག མཛེས་པ་མཉམ་སྤྱོད་བཅས་ཀྱི་གཅིག་མཐུན་ཚོགས་པ་ཟམ་མི་ཆད་པར་འཛུགས་ཀྱི་ཡིན།
གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ད་དུང་རྒྱུན་མཐུད་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ལས་དོན་དང་མཉམ་འགོག་མཉམ་བཅོས་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་རྒྱུན་ཆད་མེད་པར་གཏོང་གི་ཡིན། དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དམག་དཔུང་དང་ས་གནས་ཀྱི“མཉམ་ལྔ་བརྟན་ལྔའི”ཆ་སྒྲིག་མཉམ་སྐྲུན་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་ཀྱི་འགོག་སྲུང་འཛིང་རགས་དང་པོ་རྒྱུན་ཆད་མེད་པར་བརྟན་པོ་སྐྲུན་གྱི་ཡིན།
དྲི་བ། “ལོ་ལྔ་ཚན་བཅུ་བཞི་པ”ཐུགས་གྲ་ལེགས་འགྲིག་བྱུང་བར་དམིགས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་རྨང་གཞི་བརྟན་པོ་འདིང་ཆེད། ལྷོ་ཁས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཐོན་ལས་འཕེལ་རྒྱས་དང་། རྣམ་གྲངས་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོང་། དམངས་འཚོ་ལེགས་གཏོང་བཅས་ཀྱི་ཐད་འཆར་གཞི་གང་དག་བཀོད་ཡོད་དམ།
ལན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ། ལྷོ་ཁའི་དོན་དངོས་ནས་འགོ་བཙུགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཆར་འགོད་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བོད་སྐྱོར་གྱི་ལེགས་ཆར་བརྟེན་ནས་སྤུས་ཚད་མཐོ་པོས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་རྩ་གནད་བཟོ་བ་དང་འཆར་འགོད་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་པར་སྐུལ་འདེད་རྒྱུན་མཐུད་གཏོང་གི་ཡིན།
ཕྱོགས་གཅིག་ནས་ཁྱད་ལྡན་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མ། ཐོན་ཁུངས་ལས་སྣོན། ཚོང་དོན་ཟོག་འགྲེམས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མྱུར་པོ་གཏོང་བ་དང་། མཁའ་འགྲུལ་རྣམ་པའི་རྒྱལ་ཁབ་ཀྱི་ཟོག་འགྲེམས་ལྟེ་གནས་གྲོང་ཁྱེར་མགྱོགས་མྱུར་སྐྲུན་པ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ནས། དེང་རབས་ཐོན་ལས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་ཤུགས་ཆེ་རུ་གཏོང་གི་ཡིན། དེ་དང་ཆབས་ཅིག་རྣམ་གྲངས་གལ་ཆེན་བརྩོན་ལེན་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་དེའི་ནང་མཉམ་འདྲེས་ཧུར་ཐག་བྱས་ཏེ་ལོ་འཁོར་མོའི་དམིགས་ཚད་དང་ལས་འགན་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་དང་། “ལོ་ལྔ་ཚན་བཅུ་བཞི་པ”ཐུགས་གྲ་ལེགས་འགྲིག་ཡོང་བ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་བཅས་ལ་འགན་ལེན་བྱེད་ཀྱི་ཡིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་རྒྱག་པའི་ཐད་ང་ཚོས་ལྷོ་རི་བྱང་རི་དང་ཡར་ཀླུང་གཙང་པོའི་ངོགས་གཉིས་གཙོ་གནད་དུ་བྱས་པའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་རྒྱུན་མཐུད་སྤེལ་ནས། ལྗང་མདོག་དང་ཐཱན་ཉུང་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་ལ་ཚད་གཞི་མཐོ་པོས་དམ་འཛིན་བྱས་ཏེ། “མཛེས་སྡུག་ལྡན་པའི་ལྷོ་ཁ”ཞེས་པའི་མིང་བྱང་གི་བཀྲག་མདངས་ཆེ་རུ་ཟམ་མི་ཆད་པར་གཏོང་གི་ཡིན།
འབྲེལ་ཡོད་གསར་འགྱུར།