དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་མཐོའི་བདེ་ཐང་འགན་སྲུང་གི་རྣམ་པ་གསར་པ་བཏོད་པ།

    ལྷ་ས་གྲོང་ཁྱེར་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་ལོ་ངོ་60ཡི་རིང་གི་འཕེལ་རྒྱས་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-07

    ལོ་ངོ་60ཡི་རིང་ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་གནས་བབ་ཐོག་བཞག་ནས“གཞི་ཁྱོན་རྒྱ་སྐྱེད་དང་། སྤུས་ཚད་མཐོ་རུ་གཏོང་བ། ཞབས་ཞུ་གཤམ་སྤེལ”བཅས་གཙོ་རྐང་དུ་བྱས་ཏེ“འཚོ་གནས་འགན་སྲུང”བྱེད་པ་ནས“བདེ་ཐང་ལ་སྐུལ་འདེད”གཏོང་བའི་བར་ཕྱོགས་སྒྱུར་བྱུང་བས་ས་མཐོའི་བདེ་ཐང་འགན་སྲུང་གི་རྣམ་པ་གསར་པ་ཞིག་བཏོད་པ་རེད།

    1965ལོར་ལྗོངས་ཡོངས་སུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བསྡོམས་193ལས་མེད་པ་མ་ཟད། གཞི་ཁྱོན་ཡང་ཆུང་ཆུང་རེད། ད་ཆ་ལྷ་ས་གྲོང་ཁྱེར་གྱིས“གྲོང་ཁྱེར་དང་། རྫོང་། ཤང་། གྲོང་གསེབ”བཅས་རིམ་བཞིའི་སྨན་བཅོས་ཞབས་ཞུའི་དྲ་རྒྱ་བཏོད་དེ། རིགས་ཁག་གི་སྨན་བཅོས་སྒྲིག་གཞི་766བར་མང་དུ་སོང་བ་དང་། གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ཉལ་ཁྲི་5494ཟིན་ནས་སྨན་བཅོས་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་ཡོད་པ་རེད།

    གྲོང་མི་སྐལ་བཟང་གིས“ད་ཆ་སྨན་པ་བསྟེན་སྐབས་སྔོན་ཆད་ལྟར་ས་ཐག་རིང་པོར་འགྲོ་མི་དགོས་པར་ཉེ་འགྲམ་ནས་བསྟེན་ས་ཡོད་པས་དངོས་འབྲེལ་སྟབས་བདེ་རུ་སོང་བ་མ་ཟད། ད་དུང་སྨན་པ་བསྟེན་པའི་བརྒྱུད་རིམ་ཡང་ཉུང་དུ་སོང་བས་དཔེར་ན་ཨང་ཀི་བཀག་པ་དང་སྨན་ལེན་པ་སོགས་དེ་བས་སྟབས་བདེ་རུ་སོང་འདུག”ཅེས་བཤད།

    བོད་རང་སྐྱོང་ལྗོངས་དབུ་མ་བརྙེས་གོང་བོད་དུ་སྨན་དོན་མི་སྣ་ཧ་ཅང་ཉུང་ཉུང་ཡིན་པ་དང་ད་ཆ་ལྷ་ས་གྲོང་ཁྱེར་དུ་སྨན་དོན་མི་སྣ་བསྡོམས་13740ཟིན་པའི་ནང་ལས་གཉེར་སྨན་པ་བཀའ་བཅུ་པ་4277དང་ཐོ་འགོད་སྨན་གཡོག་4100ཡོད། 2025ལོར་གྲོང་ཁྱེར་ཡོངས་ཀྱི་སྨན་དོན་པའི་ལག་ཁྱེར་ལྡན་ཚད་79.87%ཟིན་ནས་སྨན་དོན་དཔུང་ཁག་གི་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་ཆེས་ཆེར་ཕྱིན་ཡོད་པ་རེད།

    “2016ལོར་ང་ལ་ལས་གཉེར་སྨན་པ་བཀའ་བཅུ་པའི་ཐོབ་ཐང་ལག་ཁྱེར་རག་པ་མ་ཟད། 2020ལོར་འབྲིང་རིམ་སྨན་པ་བཀའ་བཅུ་པའི་ལས་རིགས་ཀྱི་ཐོབ་ཐང་ལག་ཁྱེར་ཡང་རག་བྱུང་། 2017ལོར་ངས་རང་རྐྱ་འཕེར་ནས་ནད་པར་སྨན་བཅོས་བྱེད་འགོ་ཚུགས། མིག་སྔར་དོ་དམ་ནད་དཔེ་1000ལྷག་ཙམ་ཟིན་པ་དང་གཤགས་བཅོས་ཀྱང་800ལྷག་བྱས་པ་ཡིན”ཞེས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྤྱིར་བཏང་ཕྱི་ནད་ཚན་ཁག་གི་གཙོ་བཅོས་སྨན་པ་བཀའ་བཅུ་པ་ཀྲང་ཀང་གིས་བཤད།

    2019ལོར་ལྷ་ས་གྲོང་ཁྱེར་གྱིས་འདུས་ཆེའི་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་ཕྱོགས་ཡོངས་ནས་བཙུགས་པས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་སྣུར་སྲིང་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། 2025ལོར་གྲོང་ཁྱེར་ཡོངས་ཀྱི་འདུས་ཆེའི་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པར“གཅིག་གྱུར་དྲུག”ཡོངས་སུ་ཁྱབ་ནས་གྲོང་ཚོའི(གྲོང་ལྷན)གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་287དང་ཁྱིམ་ཚང་གི་སྨན་པའི་ཞབས་ཞུ་ཚོགས་པ་338བཙུཌ་པ་དང་ཁྱིམ་ཚང་གི་སྨན་པ་བསྡོམས་1093ཟིན་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་དབུ་མ་བརྙེས་གོང་ཞིང་འབྲོག་པའི་སྲོལ་རྒྱུན་གྱི་ཕྲུ་གུ་སྐྱེ་བསུ་བྱེད་སྟངས་ལས་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་འཆི་ཚད་མང་དུ་འགྲོ་གི་ཡོད། ལོ་ངོ་60ཡི་རིང་ལྷ་ས་གྲོང་ཁྱེར་གྱིས་བུད་མེད་དང་བྱིས་པའི་བདེ་ཐང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བས་བུད་མེད་དང་བྱིས་པའི་བདེ་ཐང་གི་ལྟེ་བའི་དམིགས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། 2024ལོར་གྲོང་ཁྱེར་ཡོངས་ཀྱི་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་ཚད་99.98%ཟིན་པ་དང་ཕྲུ་གུ་དམར་འབྱར་ཤི་ཚད་2.17‰ལས་ཟིན་གྱི་མེད།

    “སྔོན་ཆད་ཕྲུ་གུ་བཙའ་བར་ཉེན་ཁ་ཆེ་བར་བརྟེན་སྦྲུམ་མ་དང་ཁྱིམ་བདག་ལ་སེམས་ཁྲལ་ཆེན་པོ་བཟོ་གི་ཡོད། ད་ཆ་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད། སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པས་ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ཡང་དུ་སོང་བ་དང་། སྨན་བཅོས་ལག་རྩལ་ཡང་ལེགས་སུ་ཕྱིན་པས་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་གྱི་བདེ་འཇགས་ལ་འགན་ལེན་བརྟན་པོ་ཡོད། དེ་དང་ཆབས་ཅིག་སྨན་ཁང་གི་ཁོར་ཡུག་སྐྱིད་སྣང་དོད་པ་དང་། ནད་ཁང་གི་སྒྲིག་ཆས་ཆ་ཚང་བ། སྨན་དོན་མི་སྣ་བྱམས་བརྩེ་ལྡན་ལ་ངང་རྒྱུད་རིང་བས། ཕྲུ་གུ་མ་བཙས་གོང་གི་བརྟག་དཔྱད་ནས་བཙས་རྗེས་ཀྱི་ནད་སྐྱོང་བར་གྱི་བརྒྱུད་རིམ་ཧྲིལ་པོར་སྙིང་ཉེ་བའི་ཞབས་ཞུ་ཡོད”ཅེས་སྦྲུམ་མའི་ནང་མི་བསྟན་འཛིན་གྱིས་དགའ་ཚོར་ཆེན་པོས་བཤད།

    ད་ཆ་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་སྨན་བཅོས་སྒྲིག་བཀོད་འཐུས་སྒོ་ཚང་དུ་སོང་བ་དང་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་སོང་བ་སོགས་ཀྱི་གྲུབ་འབྲས་མང་དག་ཅིག་གིས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་རྒྱ་ཁྱབ་ངང་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།