ཞི་ཅིན་ཕིང་དང་བྷང་ག་ལའི་ཙུང་ཐུང་ཁྲུའུ་ཕུའུ་ཡིས་ཀྲུང་བྷང་དབར་ཕྱི་འབྲེལ་བཙུཌ་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།
ལི་ཆང་དང་བྷང་ག་ལའི་གནས་སྐབས་སྲིད་གཞུང་གི་དབུ་བཞུཌ་བློ་འདྲི་བ་ཡིའུ་ནུའུ་སི་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་བྷང་ག་ལའི་ཙུང་ཐུང་ཁྲུའུ་ཕུའུ་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ། ཀྲུང་གོ་དང་བྷང་ག་ལའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་བྷང་ག་ལ་ནི་སྲོལ་རྒྱུན་གྱི་མཛའ་གྲོགས་ཁྱིམ་མཚེས་ཡིན་ལ། རྒྱལ་ཁབ་གཉིས་དབར་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ཡང་ལྡན་ཡོད། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀའི་རིང་། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་ཐོག་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་བཏང་སྟེ། རྒྱལ་ཁབ་དབར་ཕན་ཚུན་བརྩི་བཀུར་དང་། འདྲ་མཉམ་གཅིག་འཛིན། མཉམ་ལས་མཉམ་ཁེ་བཅས་ཀྱི་མིག་དཔེ་བཟང་པོ་ཞིག་བཏོད་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་བྷང་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་སྲ་བརྟན་དུ་ཕྱིན་པ་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་བྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད་ཅེས་བསྟན་གནང་བ་རེད།
ཞི་ཅིན་ཕིང་གིས། ངས་ཀྲུང་བྷང་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ཁྲུའུ་ཕུའུ་དང་མཉམ་དུ་འབད་བརྩོན་གྱིས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བཟུང་སྟེ། སྲོལ་རྒྱུན་མཛའ་མཐུན་དར་སྤེལ་གཏོང་བ་དང་། གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ། ཐུན་མོང་ཐོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་བས་ཆེ་བ་སྐྲུན་པ་བཅས་བྱས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་བྱས་རྗེས་སྔར་བས་ཆེ་བ་འཇོག་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
ཁྲུའུ་ཕུའུ་ཡིས། འདས་ཟིན་པའི་ལོ་ངོ་50ཡི་རིང་། བྷང་ཀྲུང་རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཡུན་རིང་མཉམ་ལས་བཅས་ཀྱི་རྨང་གཞིའི་ཐོག་བརྩེ་དུང་སྔར་བས་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་བསྐྲུན་ཡོད། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོས་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། ཐུན་མོང་དར་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་པར་ཚད་མཐོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་བྷང་ག་ལའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་གལ་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་འོག རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཕན་འབྲས་དེ་བས་ཆེ་བ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་བྷང་ག་ལའི་གནས་སྐབས་སྲིད་གཞུང་གི་དབུ་བཞུགས་བློ་འདྲི་བ་ཡིའུ་ནུའུ་སི་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ཞིང་། ལི་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་བྷང་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། བྷང་ག་ལ་ཕྱོགས་དང་མཉམ་དུ་འབད་བརྩོན་གྱིས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བཟུང་སྟེ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་དེ་བཞིན་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་མགྱོགས་པོ་བཏང་ནས། ཀྲུང་བྷང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཡིའུ་ནུའུ་སི་ཡིས། བྷང་ཀྲུང་དབར་ཕྱི་འབྲེལ་བཙུགས་ཚུན་གྱི་ལོ་ངོ་50ཡི་རིང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་ཕྱིན་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ། ཕྱོགས་གཉིས་པོའི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་བཅས་ནི་རྟེན་འབྲེལ་ཞུ་འོས་པ་ཞིག་རེད། བྷང་ག་ལ་ཕྱོགས་ཀྱིས་བྷང་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་དེ་བས་མང་པོ་ཐོབ་པར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།