གནོད་འཚེ་ཕོག་པའི་མང་ཚོགས་སྡོད་ཁང་གསར་པའི་ནང་དགུན་ཁ་དྲོ་སོབ་སོབ་ངང་སྐྱེལ་ཐུབ་པར་འགན་ལེན་བྱེད་པ།
—— གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ མང་ཚོགས་སྡོད་ཁང་གི་རྣམ་གྲངས་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་པ།
“དེ་རིང་ང་ཚོ་ནང་མི་ཚང་མ་སྡོད་ཁང་གསར་པར་སྤོས་པ་ཡིན། ཁང་པ་ཡག་པོ་དེ་འདྲ་མཐོང་དུས་སེམས་འགུལ་ཆེན་པོ་ཐེབས་ཀྱི་འདུག”ཅེས་ཉིན་ཤས་གོང་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གཏིང་སྐྱེས་ཤང་གི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་མང་ཚོགས་སྡོད་ཁང་གསར་པར་སྤོ་བའི་མཛད་སྒོར་ཆོས་རྭ་གྲོང་ཚོའི་ཡུལ་མི་ཟླ་བ་བཟང་པོས་གནས་སྤོས་ཡུལ་མིའི་སེམས་གཏིང་གི་སྐད་ཆ་བཤད། ཉིན་དེར་གཏིང་སྐྱེས་ཤང་གི་དུད་ཚང་44ཡི་གནོད་འཚེ་ཕོག་པའི་མང་ཚོགས་212སྡོད་ཁང་གསར་པར་གནས་སྤོ་བྱས་པ་དང་། དུད་ཚང་263གྱི་སྡོད་ཁང་ཉམས་གསོ་བརྟན་གཏོང་ལེགས་གྲུབ་ཟིན་པས། ས་གནས་དེ་གའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་མཚོན་ཡོད།
དིང་རིའི་ས་ཡོམ་རིམ་པ་6.8ཀྱི་ཁྲོད་དུ། དིང་རི་རྫོང་དང་འབྲེལ་མཚམས་ཡིན་པའི་གཏིང་སྐྱེས་རྫོང་གི་ཤང་དང་གྲོང་རྡལ་ཁག་གཅིག་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ་རེད། གནོད་འཚེ་ཕོག་པའི་མང་ཚོགས་བར་བརྒལ་བཀོད་སྒྲིག་སྒྲོམ་ཁང་ནས་བདེ་འཇགས་དང་སྐྱིད་སྣང་དོད་པའི་སྡོད་ཁང་གསར་པར་གང་མགྱོགས་སྤོ་ཐུབ་ཆེད། གཏིང་སྐྱེས་རྫོང་གིས་ཨར་ལས་སྟོབས་ཤུགས་བཀོད་གཏོང་གནད་འཁེལ་བྱས་ནས་འཚོ་བའི་ལེ་ལག་སྒྲིག་བཀོད་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་བཏང་ཡོད། མིག་སྔར་གཏིང་སྐྱེས་རྫོང་གི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་མང་ཚོགས་སྡོད་ཁང་གི་རྣམ་གྲངས་དེ་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་ཡོད།
“ས་བབ་མཐོ་བའི་ས་ཆར་ཟླ་བ་བཅུ་པ་ནས་བཟུང་གནམ་གཤིས་གྲང་དུ་འགྲོ་བས། ཨར་འདམ་ལ་འཁྱགས་ཐེབས་པའི་ཉེན་ཁ་ཆེན་པོ་ཡོད། དེར་བརྟེན་ང་ཚོས་ཨར་ལས་ཀྱི་དུས་ཡུན་ཡག་ཤོས་དམ་འཛིན་བྱས་ནས་ལས་སྒྲུབ་ཟིན་པ་བྱེད་དགོས”ཞེས་གཏིང་སྐྱེས་ཤང་བསྐྱར་སྐྲུན་རྣམ་གྲངས་ཀྱི་ས་གནས་ས་ཐོག་གི་འགན་འཁུར་བ་ཧྲེན་ཝུན་ཅེ་ཡིས་མིག་སྔའི་ཨར་ལས་ཀྱི་ཛ་དྲག་རང་བཞིན་བརྗོད།
ས་བབ་མཐོ་བའི་ས་ཁུལ་དུ་ཨར་ལས་དུས་ཡུན་ཐུང་ཞིང་རྒྱུ་ཆ་སྐྱེལ་འདྲེན་གྱི་ལམ་ཐག་རིང་བ་སོགས་འགྲན་སློང་མང་པོའི་མདུན་དུ། གཏིང་སྐྱེས་རྫོང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་བཀོད་འདོམས་པུའུ་ཡིས་ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་འདོམས་དང་ཨར་ལས་ཇུས་གཞི་འགུལ་རྣམ་ལེགས་སྒྱུར་བྱས་ཏེ། མིག་སྔའི་ཆེས་འགག་རྩ་དང་ངལ་རྩོལ་ནུས་ཤུགས་འདུས་ཚད་ཆེ་བའི་ཁང་པ་མཛེས་བཟོའི་ལྷུ་ཚིགས་འདིར་དམིགས་ནས། ཨར་ལས་མི་གྲངས་བསྡོམས་འབོར་བརྟན་པོ་ཡིན་པའི་སྔོན་འགྲོའི་ཆ་རྐྱེན་འོག ནང་ཁུལ་གྱི་མི་མངོན་པའི་ནུས་པ་སྔོག་འདོན་དང་བཀོད་སྒྲིག་གནད་འཁེལ་བྱས་ཏེ། འཇམ་ཞལ་ལས་མི་80དང་དཀར་རྩི་གཏོང་མཁན་120མགྱོགས་མྱུར་བཏང་ནས་དགེ་མཚན་ལྡན་པའི་སྟོབས་ཤུགས་གཅིག་སྡུད་ཀྱིས་ཁང་པའི་ཕྱི་ནང་མཛེས་བཟོའི་ལས་ཀ་གཙོ་གནད་ཐོག་སྒྲུབ་པ་རེད།
“གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་དམིགས་ཡུལ་ནི་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་སྡོད་ཁང་གསར་པའི་ནང་དགུན་ཁ་དྲོ་སོབ་སོབ་ངང་སྐྱེལ་ཐུབ་ཆེད་ཡིན”གཏིང་སྐྱེས་རྫོང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་བཀོད་འདོམས་པུའུ་གཞུང་ལས་ཁང་གི་འགན་འཁུར་བ་བསོད་ནམས་དབང་འདུས་ཀྱིས“མིག་སྔར་མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་ཕུད། ང་ཚོས་ད་དུང་ཆུ་དང་། གློག ལམ། འཕྲིན་གཏོང་སོགས་ཀྱི་ལེ་ལག་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། འཁྱགས་ས་དང་ཐག་རིང་སྐྱེལ་འདྲེན་སོགས་ཀྱི་དཀའ་གནད་ཁྱད་བསད་བྱས་ནས་ཆུ་སྦུག་རེ་རེ་དང་གློག་སྐུད་སྨི་རེ་རེའི་སྤུས་ཚད་ལ་བློས་འགེལ་ཆོག་པ་བྱེད་ཀྱི་ཡོད། དེའང་གནས་སྐབས་བཀོད་སྒྲིག་ནས་ཡུན་རིང་བདེ་སྡོད་བར་གྱི་འགག་རྩའི་གོམ་པ་ཞིག་ཡིན”ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། གཏིང་སྐྱེས་རྫོང་གིས“སྡོད་ཁང་འཛུགས་སྐྲུན”དང“ལེ་ལག”ལ་དུས་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་གློག་དྲ་དང་། ཆུ་བེད། འཕྲིན་གཏོང་སོགས་སྡེ་ཚན་མང་པོ་ཞིག་གིས་ཆེད་དོན་ཚོགས་ཆུང་འཛུགས་རྒྱུར་སྤྱི་འདོམས་མཐུན་སྦྱོར་བྱས་ནས། ཆུ་དང་། གློག འཕྲིན་གཏོང་སོགས་ཤར་གཏོང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་འབྲེལ་མཐུད་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་པ་རེད། ཟླ་9ཚེས་29ཉིན་བར་མཐའ་མའི་དུད་ཚང་263ལ་གློག་འཁྲིད་པ་དང་དུད་ཚང་315ལ་ཆུ་འཁྲིད་པའི་ལས་གྲྭ་མགྱོགས་མྱུར་སྤེལ་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་སྡོད་ཁང་གསར་པའི་ནང་བློ་བདེ་པོས་དགུན་ཁ་དྲོ་སོབ་སོབ་ངང་སྐྱེལ་ཐུབ་པར་འགན་ལེན་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།