དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “བོད་ཀྱི་ཚོང་རྟགས་གྲགས་ཅན”དེ་བས་མང་བ་ས་མཐོ་ནས་ས་ཕྱོགས་ཀུན་ལ་ཁྱབ་པར་བྱེད་པ།

    —— རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ དང་། ཐིང་ཀྲང་། ལྗོངས་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་བཅས་ཡིན་པའི་ཀྲང་ཧུའེ་མིང་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-07

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་། ཐིང་ཀྲང་། ལྗོངས་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་བཅས་ཡིན་པའི་ཀྲང་ཧུའེ་མིང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ལྗོངས་ཡོངས་ཀྱི་ཞིང་ལས་གྲོང་གསེབ་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། “ཁྱད་ཆོས་དེ་བས་དམིགས་བསལ་ཅན་དང་ལེགས་ཆ་དེ་བས་བཟང་བ”གཙོ་རྐང་དུ་བཟུང་ནས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་འདིང་གི་ཡིན་ཞེས་བརྗོད།

    དྲི་བ། ཡུལ་བབ་དང་བསྟུན་པར་ལེགས་སྤེལ་ཉེས་འགོག་དང་ལེགས་ཆ་འདོན་དགོས་པས། རང་ལྗོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཐད་ས་མཐོའི་ཁྱད་ཆོས་འབུར་དུ་ཐོན་པ་ཇི་ལྟར་བྱེད་དགོས་སམ།

    ལན། བོད་ལ“ས་བབ་མཐོ་བ་དང་། ཉི་འོད་ཡག་པ། དྲོད་ཚད་ཧེ་བག་ཆེ་བ། སྐྱེ་ཁམས་གཙང་བ་བཅས་ཀྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་ཡོད་ལ། གནམ་གཤིས་གྲང་ངར་ཆེ་བ་དང་། སྐྱེ་འཚར་གྱི་དུས་འཁོར་རིང་བ། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་པོ་མེད་པ་སོགས་དོན་དངོས་ཀྱི་འགྲན་སློང་ཡང་འཕྲད་ཀྱི་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཡུལ་བབ་དང་བསྟུན་པ་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་ཏེ། ས་མཐོའི་དོན་དངོས་དང་མཐུན་པའི“ལེགས་ལ་ཞིབ་ཚགས་དང་ཆེད་ལས”ཀྱི་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་ཧུར་ཐག་གཏོད་ཀྱི་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་450ལྷག་ཙམ་བསྐྲུན་ནས་ས་མཐོའི་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པོ་སྤོས་ཡོད།

    དྲི་བ། ཁྱད་ལྡན་ཞིང་འབྲོག་ལས་དེ་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་གཏོང་བའི་ཤུགས་རྒྱག་ས་གཙོ་བོའི་ཁ་ཕྱོགས་ལ་གཏན་འཁེལ་བྱས་པ་དེ་བསམ་གཞི་གང་འདྲ་ཞིག་ནས་བྱུང་བ་ཡིན་ནམ།

    ལན། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འཐབ་ཇུས་ཀྱི་བྱ་ཐབས་ཤིག་ཡིན་ལ། བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་མང་ཚོགས་ཀྱི་དགོས་མཁོར་གཞི་ཚུགས་པའི་དོན་དངོས་ཀྱི་གདམ་ག་ཞིག་ཀྱང་རེད། ཁྱད་ལྡན་ཞིང་འབྲོག་ལས་ནི་ཞིང་འབྲོག་པའི་ཡོང་འབབ་འཕར་བའི“ལྟོ་ཕོར་ཐོན་ལས”ཤིག་ཡིན་པ་མ་ཟད། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་། མི་རིགས་ཀྱི་རིག་གནས་རྒྱུན་འཛིན། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཀྱང་རེད། ང་ཚོས་ནུས་ཤུགས་ཡོད་རྒུས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་ལ་སྐུལ་འདེད་བཏང་སྟེ། “ཞིང་ལས་ཐོན་སྐྱེད་ནས་བཟོ་ལས་ལས་སྣོན་བར”དང་། “འབྲུ་རིགས་འདེབས་འཛུགས་ནས་བཟའ་བཅའ་ལས་སྣོན་བར” “ཕྱུགས་རིགས་གསོ་ཚགས་ནས་ཤ་རིགས་ཐོན་རྫས་ལས་སྣོན་བར”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོར་སྤྱི་འདོམས་བྱས་ཏེ་ཐོན་ཁུལ་དང་། ཚོང་ཁུལ། གླིང་ཁུལ་བཅས་མཉམ་འགུལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད། ད་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་7222ཟིན་ནས་དུས་མཚུངས་ལས་7.6%འཕར་བ་དང་། ཐོན་ལས་ཀྱིས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ཕན་འབྲས་རྒྱུན་མཐུད་མངོན་ཡོད།

    དྲི་བ། བོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་འཕེལ་རྒྱས་དང་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པས། ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྤྱི་འདོམས་ཇི་ལྟར་བྱེད་དགོས་སམ།

    ལན། མཚོ་བོད་ས་མཐོ་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པས། ས་གཙང་འདི་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པའི་ལས་འགན་གལ་ཆེན་ཞིག་རེད། ང་ཚོས་ཕྱོགས་གསུམ་གྱི་ཐད་ནས་ཤུགས་སྣོན་རྒྱུན་མཐུད་རྒྱག་རྒྱུ་ཡིན་ཏེ། གཅིག་ནས་འབྱུང་རྩ་ནས་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་འབྲོག་ཐོན་རྫས་ཐོན་ཡུལ་གྱི་ཁོར་ཡུག་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིགས་དབྱེ་ལྟ་འདོམས་བྱ་ཐབས་དོན་འཁྱོལ་བྱེད་པ། ལྗང་མདོག་གི་ཐོན་འཕར་ཕན་ཆེའི་ལག་རྩལ་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ་ཐོན་ཡུལ་ཁོར་ཡུག་གི་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱེད་པ་དང་། གཉིས་ནས་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་དང་། ལས་སྣོན། བྲིན་ཚོང་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོར་ཁྱབ་པའི་ཚད་གཞི་དང་གདེང་འཇོག་མ་ལག་འཛུགས་པ། གསུམ་ནས་སྤུས་ཚད་དང་བདེ་འཇགས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས། ཞིང་ནང་དང་མུ་ཁ་ནས་གསོལ་ལྕོག་བར་ཁུངས་འདེད་ཆོག་པའི་མ་ལག་བཙུགས་ཏེ་ལྷུ་ཚིགས་ཁག་ནས་སྐྱེ་ཁམས་དང་སྤུས་ཚད་གཉིས་ཀར་ལྟ་རྟོག་ཐུབ་པར་བྱེད་ཀྱི་ཡིན།

    དྲི་བ། ཞིང་འབྲོག་ལས་ཐད“ཐོན་སྐྱེད་ཡོད་ཀྱང་ཐོན་ནུས་མེད་པ་དང་། ཐོན་རྫས་ཡོད་ཀྱང་སྤུས་རྟགས་མེད་པའི”འཇུར་མིག་བསལ་ནས་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་དང་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ནུས་སྔར་བས་ཆེ་རུ་ཇི་ལྟར་གཏོང་དགོས་སམ།

    ལན། འཇུར་མིག་སེལ་བ་དང་ལེགས་ཆ་གཞན་སྒྱུར་བྱེད་པ་ནི་རང་ལྗོངས་ཀྱིས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་འགག་རྩ་ཞིག་རེད། ང་ཚོས་ཚན་རྩལ་གསར་གཏོད་དེ་ལྟེ་བའི་སྒུལ་ཤུགས་སུ་བྱས་ནས། ནས་དང་འབྲི་གཡག་སོགས་ཁྱད་ལྡན་ཐོན་ལས་ཀྱི་འགག་རྩའི་ལག་རྩལ་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར་ལ་ཤུགས་སྣོན་རྒྱག་པ་དང་། ས་མཐོའི་ཁོར་ཡུག་ལ་འཕྲོད་པའི་སོན་གསར་དང་རྒྱུད་བཟང་སྐྱེད་སྲིང་མགྱོགས་མྱུར་བྱས་ཏེ་གཙོ་ཁྲིད་ཐོན་ལས་གྲངས་འཛིན་ཅན་གྱི་ལས་སྟེགས་འཛུཌ་སྐྱོང་ལ་སྐུལ་འདེད་གཏོང་གི་ཡིན། དེའི་རྨང་གཞིའི་ཐོག་ང་ཚོས་འགྲན་རྩོད་ནུས་པ་ལྡན་པའི་ཁྱད་ལྡན་སྤུས་རྟགས་ཁག་གཅིག་བཏོད་ནས། ཞིང་འབྲོག་ཐོན་རྫས་ཀྱི་དྲ་ཚོང་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཕྱིར་ཚོང་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ། ཆེད་ལས་ཅན་གྱི་ཟོག་འགྲེམས་བྱེད་པོ་སྐྱེད་སྲིང་བཅས་བྱས་ཏེ་ཐོན་ལས་ལ་བརྟེན་ནས་འཁོར་རྒྱུག་ལ་སྐུལ་འདེད་དང་འཁོར་རྒྱུག་ལ་བརྟེན་ནས་ཐོན་ལས་དར་རྒྱས་ཡོང་བར་བྱེད་ཀྱི་ཡིན། འགྲེམས་འཚོང་ལས་སྟེགས་འཛུགས་པ་དང་དུས་ཆེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། “བོད་ཀྱི་སྤུས་རྟགས་གྲགས་ཅན”གྱི་ཐོན་རྫས་དེ་བས་མང་བ་ས་མཐོ་ནས་རྒྱལ་ཡོངས་སུ་ཚོང་ཐུབ་པ་བྱེད་ཀྱི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།