ལྷ་སའི་ཤར་ཕྱོགས་ཀྱི་མུ་ཏིག་ལྟ་བུའི་སྟག་རྩེས།
ཐོན་ལས་དང་། འགྲིམ་འགྲུལ། ཚོང་འགུགས་བཅས་ལ་མཉམ་དུ་ཤུགས་བརྒྱབ་ནས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ།
འདི་ནི་སྟག་རྩེ་བཟོ་ལས་གླིང་ཡིན་པ།
■ སྟག་རྩེ་བཟོ་ལས་གླིང་ནི་2003ལོར་བཙུགས་པ་དང་། 2011ལོར་རང་སྐྱོང་ལྗོངས་རིམ་པའི་བཟོ་ལས་གླིང་དུ་རིམ་པ་སྤར་ཞིང་། དེ་ནི་བོད་དུ་བཙུགས་པའི་བཟོ་ལས་གླིང་སྔ་ཤོས་ཀྱི་གྲས་ཤིག་རེད།
■ 2024ལོར། སྟག་རྩེ་ཆུས་བཟོ་ལས་གླིང་གིས་ཡིད་མགུ་བའི་གྲུབ་འབྲས་ཤོག་བྱང་ཞིག་ཕུལ་བ་སྟེ། ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་12.5ཟིན་པ་དེ་དུས་མཚུངས་ལས་12%འཕར་བ་དང་། བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་4.5ཟིན་ནས་2%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2.5ཟིན་ནས་8%འཕར་བ། ཡོངས་འདུས་ཁྲལ་བསྡུ་སྒོར་དུང་ཕྱུར་17དང་རིམ་པ་དེ་གའི་ཁྲལ་བསྡུ་སྒོར་དུང་ཕྱུར་7ཟིན་ཡོད་པ་རེད།
ལྷ་སའི་ཤར་ཕྱོགས་ཀྱི་སྤྱི་ལེ་20ཡི་སར་ཆགས་པའི་ཡར་ཀླུང་གཙང་པོ་དང་ལྷ་ས་སྐྱིད་ཆུའི་འདྲེས་མཚམས་ཏེ“ལྷ་སའི་ཤར་སྒོ་ཆེ་མོར”འབོད་པའི་སྟག་རྩེ་ཆུས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། སྟག་རྩེར་གཞིས་ཆགས་པའི་བསྟན་འཛིན་གྱིས་མྱོང་ཚོར་ཟབ་མོས། “ད་ཆ་སྟག་རྩེར་འགྱུར་ལྡོག་ཧ་ཅང་ཆེན་པོ་དང་འགྲིམ་འགྲུལ་དར་རྒྱས་ཆེན་པོ་བྱུང་ཡོད། སྔོན་ཆད་ལྷ་སར་འགྲོ་དུས་སྟག་རྩེའི་ལམ་བུ་འབར་འབུར་ཡིན་སྟབས། རླངས་འཁོར་ལ་སྡོད་སྐབས་ཡམ་ཡོམ་ཁྲོད་མགོ་ཡུ་འཁོར་གྱི་ཡོད། ད་ཆ་རྒྱ་ཆེ་ཞིང་ཁོད་སྙོམས་པའི་སྣུམ་ནག་གཞུང་ལམ་བཏིང་པས། སྐར་མ་བཅུ་ཕྲག་ནང་ལྷ་སར་འབྱོར་གྱི་ཡོད། ད་དུང་སྒོ་འགྲམ་དུ་སྤྱི་སྤྱོད་རླངས་འཁོར་ཡོད་པས། གཉེན་ཉེ་དང་གྲོགས་པོའི་དབར་འགྲོ་འོང་བྱེད་བདེ་པོ་འདུག”ཅེས་སྟག་རྩེའི་འགྱུར་ལྡོག་གླེང་།
ད་ཆ། རྒྱུན་སྡོད་མི་འབོར་ཁྲི་3.2ལྷག་ཙམ་ཟིན་པའི་སྟག་རྩེ་ཆུས་ཀྱིས་དམིགས་བསལ་གྱི་ས་ཁམས་ཀྱི་དགེ་མཚན་དང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཐོན་ལས་རིམ་སྤོར་དང་། འགྲིམ་འགྲུལ་འཛུགས་སྐྲུན། ཚོང་འགུགས་མ་འདྲེན་སོགས་ཀྱི་ཁྱབ་ཁོངས་སུ་ནུས་ཤུགས་རྒྱུན་མཐུད་འདོན་བཞིན་ཡོད། ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་རེ་རེ་ཕྱོགས་བཞིར་ཁྱབ་པ་དང་། ཐོན་ལས་རྣམ་གྲངས་རེ་རེ་རྩ་བ་བརྟན་པོ་ཚུགས་པས། སྟག་རྩེ་ཆུས་ཀྱིས་དངོས་སྒྲུབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་བཞིན་ཡོད་ལ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་གྲོང་མི་ཚང་མར་ཕན་པ་སྐྲུན་བཞིན་ཡོད་པས། དེ་ནི་འབད་འབུངས་མདུན་སྐྱོད་ལམ་བུའི་ཁྲོད་ཀྱི་བོད་ཀྱི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།
ཐོན་ལས་སྡེབ་གཅིག་ཏུ་འཕེལ་རྒྱས་ཕྱིན་ནས།
ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་་ལ་རམ་འདེགས་ཐུབ་པ།
སྟག་རྩེ་བཟོ་ལས་གླིང་ནི་2003ལོར་བཙུགས་པ་དང་། 2011ལོར་རང་སྐྱོང་ལྗོངས་རིམ་པའི་བཟོ་ལས་གླིང་དུ་རིམ་པ་སྤརཞིང་། དེ་ནི་བོད་དུ་བཙུགས་པའི་བཟོ་ལས་གླིང་སྔ་ཤོས་ཀྱི་གྲས་ཤིག་རེད། ལོ་20ལྷག་ཙམ་གྱི་འཕེལ་རྒྱས་བརྒྱུད། ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་མི་རིགས་ལག་ཤེས་བཟོ་ལས་གཙོ་ཁྲིད་དུ་བྱེད་པའི་ཐོན་ལས་ཀྱི་རྣམ་པ་ཞིག་ཆགས་ཡོད།
སྟག་རྩེ་བཟོ་ལས་གླིང་དཔལ་འབྱོར་འཕེལ་རྒྱས་དང་འཆར་འགོད་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ཕན་དབྱི་ཡིས་ངོ་སྤྲོད་བྱས་པར། མིག་སྔར་སྟག་རྩེ་བཟོ་ལས་གླིང་དུ་རིམ་རྩིས་བརྒྱབ་ན་ཁེ་ལས་1735ཞུགས་པའི་ནང་། དངོས་ཚན་ཁེ་ལས་75དང་། གཞི་ཁྱོན་ཡན་གྱི་ཁེ་ལས་9 སྣེ་འདྲེན་ཁེ་ལས་8ཡོད་པ་རེད། གླིང་ཁུལ་ལ་སྔ་རྗེས་སུ“རྒྱལ་ཁབ་ཞིང་ལས་ཐོན་ལས་ཅན་གྱི་དཔེ་སྟོན་རྟེན་གཞི”དང“རྒྱལ་ཁབ་བཟོ་ལས་ཡུལ་སྐོར་གྱི་དཔེ་སྟོན་རྟེན་གཞི”སོགས་ཀྱི་མཚན་སྙན་ཐོབ་པ་དང་། ད་ལོའི་ཟླ་བ་དང་པོར་ལྷུན་གྲུབ་རྫོང་གི་འཕན་པོའི་བདེ་ཐང་ཐོན་ལས་གླིང་བཙུགས་ནས། “ཆུས་གཅིག་ལ་གླིང་ཁུལ་མང་བའི”རྣམ་པ་བཏོད་པ་རེད།
2024ལོར། སྟག་རྩེ་ཆུས་བཟོ་ལས་གླིང་གིས་ཡིད་མགུ་བའི་གྲུབ་འབྲས་ཤོག་བྱང་ཞིག་ཕུལ་བ་སྟེ། ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་12.5ཟིན་པ་དེ་དུས་མཚུངས་ལས་12%འཕར་བ་དང་། བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་4.5ཟིན་ནས་2%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2.5ཟིན་ནས་8%འཕར་བ། ཡོངས་འདུས་ཁྲལ་བསྡུ་སྒོར་དུང་ཕྱུར་17དང་རིམ་པ་དེ་གའི་ཁྲལ་བསྡུ་སྒོར་དུང་ཕྱུར་7ཟིན་ཡོད་པ་རེད།
འགྲིམ་འགྲུལ་དྲ་བ་འཆར་འགོད་བྱས་ནས།
འགྲོ་ལམ་ཤར་གཏོང་གིས་དམངས་ལ་ཕན་པ་བསྐྲུན་པ་དང་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བ།
S5ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས། སྟག་རྩེ་ཆུས་དེ་ཉིད་ལྷ་ས་ནས་ལྷོ་ཁ་བར་གྱི་ཆུ་ཚོད་གཅིག་གི་དཔལ་འབྱོར་ཁུལ་གལ་ཆེན་ཞིག་ཏུ་གྱུར་ཏེ། ས་ཁོངས་འགྲིམ་འགྲུལ་ལྟེ་བའི་གནས་བབ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། སྟག་རྩེ་ཆུས་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལྷག་པ་དོན་གྲུབ་ཀྱིས། འགྲིམ་འགྲུལ་གྱི་ལེགས་ཆ་སྔར་བས་སྲ་བརྟན་དུ་གཏོང་ཆེད། སྟག་རྩེ་ཆུས་ཀྱིས་གོང་རིམ་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་ཤར་སྐོར་བྱང་ལམ་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་དེ“ལོ་ལྔ་ཚན་བཅོ་ལྔ་པའི” འཆར་འགོད་ནང་བཅུག་ཡོད། ལས་གྲྭ་དེར་སྔོན་དཔག་བྱས་ན་མ་དངུལ་སྒོར་དུང་ཕྱུར་42གཏོང་རྒྱུ་དང་། རྣམ་གྲངས་ལེགས་གྲུབ་བྱུང་རྗེས་སྟག་རྩེ་ཆུས་དང་ལྷ་སའི་གྲོང་ཁུལ་གཙོ་བོའི་དབར་འབྲེལ་མཐུད་བྱེད་ཚད་དེ་བས་ཆེ་རུ་འགྲོ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
སྟག་རྩེ་ཆུས་ཀྱིས་སྟག་རྩེ་དེ་ཉིད་ལྷ་ས་ནས་ལྷོ་ཁ་བར་གྱི་དཔལ་འབྱོར་ཁུལ་གྱི་འགག་རྩའི་གནས་ཡུལ་ཡིན་པའི་ས་ཁོངས་ལ་བརྟེན་ནས། གསར་དུ་བསྐྲུན་པའི་ཕྱོགས་བསྡུས་འགྲུལ་སྐྱེལ་ས་ཚིགས་ཀྱི་ལེགས་ཆ་གང་ལེགས་འདོན་པ་དང་དུས་མཚུངས། ཚན་རིག་དང་མཐུན་པའི་ངང་ལམ་ཐིག་དང་ས་ཚིགས་བཀོད་སྒྲིག་བྱས་ཏེ། འགྲུལ་སྐྱེལ་ཞབས་ཞུ་སྒྲིག་ཚུད་གྲོང་ཚོ་ཚང་མར་ཁྱབ་པར་བྱས་ནས། གྲོང་མི་གྲོང་ཁྱེར་དུ་ཡོང་བ་དང་ཡུལ་སྐོར་བ་གྲོང་གསེབ་ཏུ་འགྲོ་བར་སྟབས་བདེ་བསྐྲུན་རྒྱུ་རེད།
ལྷག་པ་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་དོན། ཟོག་འགྲེམས་སྐྱེལ་འདྲེན་ཐད། འགྲིམ་འགྲུལ་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྦྲག་སྲིད་དང་། མྱུར་སྐྱེལ། དྲ་ཐོག་ཚོང་དོན་བཅས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྦྲག་སྐུར་ཟོག་འགྲེམས་སྡེབ་སྐྱེལ་མ་ལག་བཙུགས་ནས། ས་གནས་དེ་གའི་ཁྱད་ལྡན་ཡུལ་ཟོག་ལྷ་ས་དང་ལྷོ་ཁའི་ཁྲོམ་རར་གང་མགྱོགས་སྐྱེལ་བར་རོགས་རམ་བྱས་པ་རེད།
“ད་ཆ་འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པས། ལྷ་སའི་གྲོང་ཁུལ་དུ་དོན་དག་སྒྲུབ་པའམ་ཅ་དངོས་ཉོ་རུ་འགྲོ་བར་སྟབས་ཧ་ཅང་བདེ་པོ་འདུག་ལ། ཞིང་ལས་ཐོན་རྫས་ཀྱང་བྲིན་ཁ་རྒྱུག་པོ་འདུག”ཅེས་ཁྱིམ་སྟག་རྩེར་ཡོད་པའི་ཕུན་ཚོགས་ཀྱིས་འགྲིམ་འགྲུལ་ལེགས་སུ་ཕྱིན་པ་ལས་བྱུང་བའི་ཕན་པ་བརྗོད། ལྷག་པ་དོན་གྲུབ་ཀྱིས། “ང་ཚོས་མུ་མཐུད་འགྲིམ་འགྲུལ་དྲ་རྒྱ་འཛུགས་རྒྱུ་འབྲེལ་ཐག་ཏུ་བྱས་ཏེ། ལྷ་ས་དང་ལྷོ་ཁའི་དབར་གྱི་སྦྲེལ་མཐུད་ཟབ་ཏུ་བཏང་ནས། སྟག་རྩེ་འདི་ཉིད་ས་ཁོངས་འཕེལ་རྒྱས་ཁྲོད་ཕྱོགས་ཡོངས་ནས་མཉམ་འདྲེས་ཐུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་ཆེད་འགྲིམ་འགྲུལ་གྱི་འགན་སྲུང་བརྟན་པོ་བྱེད་ཀྱི་ཡིན”ཞེས་བརྗོད།
ཚོང་འགུགས་མ་འདྲེན་གྱི་གཡུར་ཟའི་གྲུབ་འབྲས་ཀྱིས།
འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱས་པ།
ལྷ་ས་གྲོང་ཁྱེར་གྱི“གཙོ་ཁྲིད་གཅིག་དང་། ཀ་རྟེན་གསུམ། ཐོན་ལས་ཆེན་པོ་དགུ”ཡི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་ཁྲིད་སྟོན་འོག སྟག་རྩེ་ཆུས་ཀྱིས“རིག་གནས་དང་ཡུལ་སྐོར་ཐོན་ལས་སྟོབས་ཆེར་གཏོང་བ་དང་། ལྗང་མདོག་བཟོ་ལས་རྒྱ་ཆེར་གཏོང་བ། ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ”བཅས་ཀྱི་འཐབ་ཇུས་ལ་དམིགས་ནས་ཁུལ་གནས་དང་རྣམ་པ་གསར་གཏོད་བྱར་པར། ཚོང་འགུགས་མ་འདྲེན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། “ང་ཚོས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ། གྲུབ་འབྲས་དངོས་ལ་བརྟེན་ནས་ལྷ་སའི་ཤར་ཕྱོགས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བར་བྱས་ཡོད”ཅེས་སྟག་རྩེ་ཆུས་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡོན་ཏན་ཚེ་དབང་གིས་བརྗོད།
སྟག་རྩེ་ཆུས་ནི་ལྷ་སའི་ཤར་ཕྱོགས་ཀྱི་གྲོང་གསར་ཞིག་ཡིན་པའི་ངོས་ནས། དཔལ་འབྱོར་གཞི་གཅིག་ཅན་གྱི་ལྟེ་བ་དང་འགྲིམ་འགྲུལ་གྱི་གནད་ཆེ་སར་གནས་ཡོད། ལྷ་ཉིང་རིམ་མཐོའི་གཞུང་ལམ་རྒྱུད་དུ་གནས་པར་བརྟེན། སྐར་མ་20ཡི་ནང་ལྷ་སའི་གྲོང་ཁུལ་གཙོ་བོར་ཐད་ཀར་འབྱོར་བ་མ་ཟད། སྐར་མ་40ཡི་ནང་ལྷོ་ཁ་གྲོང་ཁྱེར་དུ་འབྱོར་གྱི་ཡོད། ཡོན་ཏན་ཚེ་དབང་གིས།“ད་ཆ་འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པ་མ་ཟད། ཁེ་ལས་ཀྱིས་ཀྱང་གཟིགས་སྐྱོང་སྲིད་ཇུས་མང་པོ་མཉམ་དུ་ལོངས་སུ་སྤྱོད་ཆོག་པ་དང་། བགོ་འགྲེམས་རེ་ཞུ་བྱས་ནས་ཆེད་དོན་མ་དངུལ་བརྩོན་ལེན་བྱེད་ཆོག དེ་ནི་སྟག་རྩེ་ཆུས་ཀྱི་ཡིད་དབང་འཕྲོག་ཤུགས་ཆེ་ཤོས་དེ་རེད”ཅེས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་སྟག་རྩེ་ཆུས་ཀྱི་50MWཕྱུགས་འོད་གསབ་རེས་ཀྱི་མཉམ་འདུས་རྣམ་པའི་འོད་ཤུགས་གློག་གཏོང་རྣམ་གྲངས“ས་ཆ་རག་པ་དང་ལས་འགོ་ཚུགས་པ”མངོན་འགྱུར་བྱུང་ནས། མིག་སྔར་ལས་མཇུག་འགྲིལ་ཏེ་སྙོམས་སྒྲིག་ཚོད་ལྟ་བྱེད་བཞིན་ཡོད་པ་རེད། དེ་མིན་ད་དུང་2024ལོར་སྟག་རྩེ་ཆུས་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་ཅུས་ཀྱིས་བསྐྲུན་པའི་སྲིད་ཇུས་ཞབས་ཞུའི་ཆེད་སྒྲུབ་ཚོགས་ཆུང་གིས་ཁེ་ལས་ལ་རོགས་དངུལ་སྒོར་ཁྲི་100.04བརྩོན་ལེན་བྱས་པས་མ་དངུལ་གྱི་གནོན་ཤུགས་ཐག་གཅོད་ནུས་ལྡན་ཐུབ་ཡོད།
ཡོན་ཏན་ཚེ་དབང་གིས། “གོམ་སྟབས་རྗེས་མར། ང་ཚོས‘སྟག་རྩེར་རིག་ནུས་མ་འཇོག’ཅེས་པའི་བྱ་རིམ་ཆུང་ངུའི་བྱེད་ནུས་མུ་མཐུད་ལེགས་སུ་བཏང་སྟེ། དེ་བས་ལེགས་པའི་ཞབས་ཞུ་དང་གསར་གཏོད་ཀྱི་བྱ་ཐབས་ལ་བརྟེན་ནས། ཁེ་ལས་དེ་བས་མང་བ་བཅའ་སྡོད་བྱ་རྒྱུའི་ཡིད་དབང་བཀུག་སྟེ། སྟག་རྩེའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དེ་བས་ཆེ་བ་སྣོན་གྱི་ཡིན”ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།