དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • པ་སྣམ་གྱི་སྔོ་ཚལ་འདེབས་འཛུགས་ལས“ཚན་རྩལ་གྱི་ཁྱད་ཆོས”མངོན་པ།

    —— གཞིས་རྩེ་གྲོང་ཁྱེར་ལུའུ་བོད་ས་མཐོའི་ས་བོན་ཞིབ་འཇུག་ཁང་ལྟེ་བའི་ཚོད་ལྟའི་ཁུལ་གྱི་ཟོག་འབྲེལ་དྲ་རྒྱའི་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-07

    འདི་ནི་ལུའུ་བོད་ས་མཐོའི་ས་བོན་ཞིབ་འཇུག་ཁང་གི་འགྱིག་ཤོག་དྲོད་ཁང་ཆེ་མོའི་སྟེང་དུ་བཀལ་བའི་གྲངས་གཞིའི་བརྙན་ཤེལ་ཡིན་པ།

    འདི་ནི་ལུའུ་བོད་ས་མཐོའི་ས་བོན་ཞིབ་འཇུག་ཁང་དུ་བཅའ་སྡོད་བྱས་པའི་རིགས་གཅིག་མཁས་ཅན་ཀྲང་ལི་ཧྥུང་གིས་རིག་ནུས་ཚོད་འཛིན་སྒྲིག་ཆས་སྤྱོད་བཞིན་པ།

    གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་ཇོ་མོ་གླང་མ་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་འགྲེམས་སྟོན་སྐྱེད་ཚལ་ལྡུམ་རའི་ཚོད་ལྟའི་འགྱིག་ཤོག་དྲོད་ཁང་དུ་སྐྱོད་སྐབས། འགྱིག་ཤོག་དྲོད་ཁང་ཆེ་མོའི་སྟེང་དུ་བརྙན་ཤེལ་ཞིག་བཀལ་ཡོད་པར། དེ་ནས་དྲོད་ཁང་གི་དྲོད་ཚད་དང་། བརླན་ཚད། འོད་ཕོག་ཚད་སོགས་ཀྱི་གྲངས་གཞི་ཁ་གསལ་མཐོང་ཐུབ། ལུའུ་བོད་ས་མཐོའི་ས་བོན་ཞིབ་འཇུག་ཁང་དུ་བཅའ་སྡོད་བྱས་པའི་རིགས་གཅིག་མཁས་ཅན་དང་ཧྲན་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲང་ལི་ཧྥུང་གིས། བརྙན་ཤེལ་དེ་བརྒྱུད། ཞིབ་འཇུག་པས་དྲོད་ཁང་ནང་གི་གནས་ཚུལ་དུས་ཐོག་ཏུ་རྟོགས་ཐུབ་ཀྱི་ཡོད་པས། དགོས་མཁོར་གཞིགས་ནས་རྒྱང་རིང་ནས་ལྟ་ཞིབ་དང་ཚོད་འཛིན་བྱེད་ཆོག་གི་ཡོད་ཅེས་ངོ་སྤྲོད་བྱས།

    འདི་ནི་ལུའུ་བོད་ས་མཐོའི་ས་བོན་ཞིབ་འཇུག་ཁང་ལྟེ་བའི་ཚོད་ལྟ་ཁུལ་གྱི་ཟོག་འབྲེལ་དྲ་རྒྱའི་གྲུབ་ཆ་ཞིག་རེད།

    2024ལོའི་ཟླ་10པར་ལུའུ་བོད་ས་མཐོའི་ས་བོན་ཞིབ་འཇུག་ཁང་བཙུགས་ཚུན། འགྲེམས་སྟོན་སྐྱེད་ཚལ་ལྡུམ་རར་ལྟེ་བའི་ཚོད་ལྟའི་རྟེན་གཞི་ཧུར་ཐག་བསྐྲུན་ནས། ས་མཐོའི་སྔོ་ཚལ་གྱི་སྣ་ཁ་གསར་པ་འདེམས་སྒྲུག་འདེབས་གསོ་དང་། སོན་བཟང་གསོ་སྤེལ་དང་དཔེ་སྟོན་ཁྱབ་གདལ་སོགས་ཀྱི་ལས་ལ་གཞོལ་བཞིན་ཡོད། རྟེན་གཞིའི་སྤྱི་ཡོངས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་བཏང་ནས། དེང་རབས་ས་མཐོའི་ཞིང་ལས་ཚན་རྩལ་གྱི་ཆུ་ཚད་མཐོ་བའི་སོན་བཟང་གསར་པ་དང་། ལག་རྩལ་གསར་པ། བྱ་ཐབས་གསར་པ་བཅས་ཀྱི་ཚན་རིག་ཞིབ་འཇུག་གི་རྣམ་པ་གཏོད་ཆེད། ཞིབ་འཇུག་ཁང་དེས་ལྟ་ཞིབ་དང་། ཚོད་འཛིན། འགྲེམས་སྟོན་བཅས་གཞི་གཅིག་ཏུ་འདུས་པའི་རིག་ནུས་སྒྲིག་བཀོད་ཀྱི་འགྱིག་ཤོག་དྲོད་ཁང་ཆེ་མོའི་ཆ་འཕྲིན་ལས་སྟེགས་བཙུགས་ནས། དྲོད་ཁང་ཁག་གཅིག་གི་ཁོར་ཡུག་གི་གྲངས་གཞི་དང་། བརྙན་ལམ་བརྒྱུད་འཚོལ་བསྡུ། སྔོ་ཚལ་གྱི་སྐྱེ་འཚར་བཅས་ལ་དུས་ཐོག་ཏུ་ལྟ་འདོམས་བྱས་པ་མ་ཟད། ཚོད་ལྟའི་དྲོད་ཁང་ཁག་གཅིག་ཏུ་རིག་ནུས་ལ་བརྟེན་ནས་ཁོར་ཡུག་ལ་ཚོད་འཛིན་དང་ཆུ་ལུད་གཞི་གཅིག་ཏུ་སྙོམས་སྒྲིག་བྱེད་ཐུབ་ཡོད།

    “ལས་སྟེགས་འདི་བརྒྱུད། ཚན་ཞིབ་པས་རྒྱང་རིང་ནས་འགྱིག་ཤོག་དྲོད་ཁང་ཆེ་མོ་མང་པོར་ལྟ་ཞིབ་ཚད་ལེན་དང་ཚོད་འཛིན་བྱེད་ཆོག་གི་ཡོད”ཅེས་ཀྲང་ལི་ཧྥུང་གིས་བརྗོད་པ་དང་། ཁོང་གིས“དྲོད་ཁང་གི་ཚོར་ཆས་མང་པོས་དྲོད་ཚད་དང་། བརླན་ཚད། ཉི་འོད་ཕོག་ཚད་སོགས་ཁོར་ཡུག་གི་དཔྱད་གྲངས་ལ་རྒྱུན་དུ་ལྟ་ཞིབ་ཚད་ལེན་བྱེད་པ་མ་ཟད། གྲངས་གཞི་དེ་དག་དུས་ཐོག་ཏུ་ལས་སྟེགས་ལ་སྐུར་བཞིན་ཡོད། དེ་འདྲ་ཡིན་དུས། མི་ཕྱི་ལོགས་སུ་ཡོད་ཀྱང་ཁ་པར་ནས་ཁོར་ཡུག་ལ་ལྟ་ཐུབ་ཀྱི་ཡོད། གལ་ཏེ་དམིགས་བསལ་གྱི་གནས་ཚུལ་འཕྲད་ཚེ། རང་ཉིད་འཁྲིས་སུ་མེད་རུང་ཁ་པར་ལ་མཛུབ་མོས་གནོན་ཙམ་བྱས་ཚེ། དྲོད་ཁང་ནང་གི་འབྲེལ་ཡོད་སྒྲིག་ཆས་རང་དགར་ཚོད་འཛིན་བྱེད་ཐུབ་པས། སྐྱེ་དངོས་ཀྱི་སྐྱེ་འཚར་ལ་འཚམ་པའི་དྲོད་ཁང་གི་ཁོར་ཡུག་རྒྱུན་འཁྱོངས་ཐུབ་ཀྱི་ཡོད”ཅེས་བརྗོད།

    ཞིང་ལས་དེང་རབས་ཅན་གྱི་འགག་རྩ་ནི་ཞིང་ལས་ཚན་རྩལ་དེང་རབ་ཅན་རེད། ལོ་30ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད། པ་སྣམ་གྱི་སྔོ་ཚལ་ཐོན་ལས་སྔོན་ཆད་བཞིན་གནམ་ཆུར་བརྟེན་མི་དགོས་པར། ཟོག་འབྲེལ་དྲ་རྒྱའི་ལག་རྩལ་གྱི་རམ་འདེགས་འོག ཡུན་རིང་མ་འགོར་བར་པ་སྣམ་གྱི་སྔོ་ཚལ་དང་ཤིང་ཏོག་ལྗོངས་ཕྱི་ནང་གང་སར་འཚོང་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།