དབྱངས་ཅན་སྒྲོལ་དཀར་གྱིས་བརྗོད་དོན། མང་ཚོགས་ཀྱི་བདེ་ཐང་སྲུང་མཁན་ཞིག་ཧུར་ཐག་བྱེད་ཀྱི་ཡིན།
1972ལོར་ལོ་12ལ་སླེབས་པའི་དབྱངས་ཅན་སྒྲོལ་དཀར་སྨན་གླིང་རྫོང་ནས་རླངས་འཁོར་ལ་ཉིན་གཉིས་བསྡད་དེ་ལྷ་སར་ཡོང་ཞིང་། དགེ་རྒན་དང་སློབ་གྲོགས་ཚོ་དང་འཛོམས་རྗེས་རླངས་འཁོར་དང་མེ་འཁོར་ལ་ཉིན་14བསྡད་དེ། ཧྲའན་ཤིས་ཞིང་ཆེན་ཞན་དབྱང་གྲོང་ཁྱེར་དུ་གནས་པའི་བོད་ལྗོངས་མི་རིགས་སློབ་གླིང(ད་ལྟའི་བོད་ལྗོངས་མི་རིགས་སློབ་ཆེན)སྨན་བཅོས་ཚན་ཁག་གི་གྲ་སྒྲིག་ཚན་ཁག་ཏུ་སློབ་གཉེར་ལ་བསྐྱོད།
ས་ཐག་རིང་པོར་སློབ་གཉེར་ལ་བསྐྱོད་པའི་འགྲུལ་བཞུད་འདིས་དབྱངས་ཅན་སྒྲོལ་དཀར་གྱི་མི་ཚེའི་ལམ་བུར་འགྱུར་ལྡོག་བཏང་བ་མ་ཟད། བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་བར་ཕུལ་བྱུང་ལས་བྱེད་པ་ཞིག་ཀྱང་གསོ་སྐྱོང་བྱས་ཡོད།
དཀའ་སྤྱད་སློབ་གཉེར་ལོ་དྲུག་བྱས་པ་བརྒྱུད། 1978ལོར་སློབ་མཐར་ཕྱིན་ནས་ལོག་པའི་དབྱངས་ཅན་སྒྲོལ་དཀར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་དུ་ལས་བགོས་བརྒྱབ་སྟེ། སྒོ་བསྟེན་སྨན་པ་ཞིག་ཏུ་གྱུར།
“སྐབས་དེར་སྨན་ཁང་ཡོངས་ལ་ཁྱོན་བསྡོམས་སྨན་པ་10ལས་མེད་པའི་ནང་འབྲིང་རིམ་ཆེད་ལས་ཡན་གྱི་སློབ་རྒྱུས་ལྡན་པ་ལྔ་ལས་མེད་ལ། ཆེད་ལས་ཚན་ཁག་ཀྱང་ཞིབ་ཕྲ་དབྱེ་མེད་པས་ང་ཚོ་སྨན་པ་ཚང་མས་ངེས་པར་དུ་ཁོང་ནད་ཚན་ཁག་དང་། ཕྱི་ནད་ཚན་ཁག བུད་མེད་ཚན་ཁག བྱིས་པའི་ཚན་ཁག་བཅས་ཚང་མ་ཤེས་དགོས་སྟབས། ད་ཆའི་ཀུན་བཅོས་སྨན་པར་རང་བཞིན་དུ་གྱུར་པ་རེད”ཅེས་དབྱངས་ཅན་སྒྲོལ་དཀར་གྱིས་བཤད།
དབྱངས་ཅན་སྒྲོལ་དཀར་ལས་ཀར་ཞུགས་ནས་ལོ་གཅིག་སོང་མཚམས་སུ། སྨན་ཁང་གིས་ཁོང་ཧུའུ་ནན་ཁྲང་ཏེར་ཟབ་སྦྱོང་ལ་མངགས་ནས་སྦྲིད་སྨན་སྨན་པ་བཀའ་བཅུ་པའི་ཐོབ་ཐང་རག སློབ་མཐར་ཕྱིན་ནས་ལོག་རྗེས། ཁོང་གིས་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་དུ་སྦྲིད་སྨན་རྒྱག་པའི་གཤགས་བཅོས་ཐེངས་བརྒྱ་ལྷག་ཙམ་ལ་ཞུགས་མྱོང་ཞིང་། དེའི་རིང་གཤགས་བཅོས་བདེ་བླག་མ་བྱུང་བའམ་ཡང་ན་སྨན་པ་དང་ནད་པའི་དབར་གྱི་རྩོད་གཞི་སོགས་གཅིག་ཀྱང་ཐོན་མྱོང་མེད།
དབྱངས་ཅན་སྒྲོལ་དཀར་གྱིས་སྤོབས་པ་ཆེན་པོས་གསར་འགོད་པར། མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གིས་ལོ་རབས་80པ་ནས་རྒྱུ་ལྷག་གཉན་ཚད་དང་། གཤགས་བཙའ། མགོ་ཀླད་རྨས་སྐྱོན་སོགས་གཤཌ་བཅོས་སྣ་ཚོགས་བྱེད་ཐུབ་པས། སྨན་བཅོས་ཆུ་ཚད་ལྷ་ས་གྲོང་ཁྱེར་གྱི་རྫོང་ཁག་གི་མདུན་གྲལ་དུ་སླེབས་ཀྱི་ཡོད་ཅེས་བཤད།
1984ལོར་ལས་ཀའི་གྲུབ་འབྲས་ཧ་ཅང་ལེགས་པས་ལོ་24ལ་སླེབས་པའི་དབྱངས་ཅན་སྒྲོལ་དཀར་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པར་བསྐོ་གཞག་བྱས། སྐབས་དེར་མལ་གྲོ་གུང་དཀར་རྫོང་དུ་ད་དུང་རིམས་འགོག་ས་ཚིགས་བཙུགས་མེད་པས། རིམས་འགོག་སྨན་ཁབ་རྒྱག་པའི་ལས་འགན་ཚང་མ་རྫོང་མི་དམངས་སྨན་ཁང་གིས་འཁུར་དགོས་ཀྱི་ཡོད། ལོ་ལྟར་ཁོང་གིས་རུ་སྣེ་ཁྲིད་དེ་གྲོང་ཚོ་དང་གྲོང་རྡལ་སོ་སོར་བསྐྱོད་ནས་བྱིས་པར་སིབ་བིའི་རིམས་འགོག་སྨན་ཁབ་རྒྱག་པར་བསྐྱོད་དགོས་ཀྱི་ཡོད།
དབྱངས་ཅན་སྒྲོལ་དཀར་དང་ལས་རོགས་ཚོའི་འབད་བརྩོན་འོག མལ་གྲོ་གུང་དཀར་རྫོང་གི་ལོ་དེའི་རྒྱག་དགོས་ངེས་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཚད་དང་ཐོ་འགོད་བྱེད་ཚད་གཉིས་ཀ་90%ཡན་ཟིན་པ་དང་ལོ་ལྟར་བྱིས་པ་སྟོང་ཕྲག་ལ་སྨན་ཁབ་རྒྱག་གི་ཡོད།
དེ་རྗེས་ཀྱི་ལོ་བཅུ་ལྷག་ཙམ་རིང་། དབྱངས་ཅན་སྒྲོལ་དཀར་གྱིས་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་ལས་གནས་སུ་མུ་མཐུད་འབད་བརྩོན་ཧུར་ཐག་བྱས་ཤིང་། 2002ལོའི་དམིགས་བསལ་གློ་ཚད་རིམས་ནད་ཐོན་རིང་། སྐབས་དེ་དུས་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱི་རྒྱུན་ལས་ཅུས་ཀྲང་གཞོན་པ་ཡིན་པའི་ཁོང་གིས་ལས་མི་ཡོངས་ཀྱི་སྣེ་ཁྲིད་དེ། རིམས་འགོག་གི་འཐབ་ས་དང་པོར་འབད་འཐབ་ཉིན་མཚན་བལྟོས་མེད་བྱས་པ་རེད།
དབྱངས་ཅན་སྒྲོལ་དཀར་རྐང་ཐང་མར་གཤམ་སྐྱོད་བྱེད་པའི་ལོ་རབས་དང་བསྡུར་ན། ད་ཆ་ལྷ་ས་གྲོང་ཁྱེར་ཡོངས་སུ“གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ”བཅས་རིམ་བཞིའི་སྨན་བཅོས་ཞབས་ཞུའི་དྲ་རྒྱ་བཙུགས་ནས། སྨན་བཅོས་ལས་ཁུངས་སྣ་ཚོགས་766བར་མང་དུ་ཕྱིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཉལ་ཁྲི་5494ཟིན་པ། སྨན་དོན་པ་ཁྱོན་13740ཟིན་གྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།