དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གློག་རིན་གཅོག་པའི་བྱེད་ཐབས་ལས་དམངས་ཀྱི་སེམས་ཁྲལ་བསལ་བ།

    རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་གློག་སྒྱུར་གློག་འདོན་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་གློག་སྤྱོད་ཁོར་ཡུག་ལེགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-05

    2019ལོ་ནས་བཟུང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་སྒོར་དུང་ཕྱུར་5.59བཏང་ནས་གློག་སྒྱུར་གློག་འདོན་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། གངས་ལྗོངས་ས་མཐོའི་གློག་སྒྱུར་གློག་འདོན་དུད་ཚང་ལ་གློག་རིན་70%བཅག་པས་དུད་ཚང་ཁྲི་20ལྷག་ཙམ་ལ་ཕན་པ་ཐོབ་པ་མ་ཟད། “གློག་ཤུགས་ཐད་གཏོང”གི་འཕོ་འགྱུར་ལ་བརྟེན་ནས་བོད་ཀྱི་གློག་ཤུགས་མཁོ་འདོན་གྱི་ཁོར་ཡུག་བསྐྱར་སྐྲུན་བྱས་པས་རྒྱལ་ཁབ་ཀྱི་གློག་རིན་དམངས་ཕན་སྲིད་ཇུས་དངོས་འབྲེལ་དོན་འཁྱོལ་བྱུང་ཡོད།

    གློག་རིན་བཅག་པས་ཕན་འབྲས་དངོས་ཐོན་ནས་དམངས་སེམས་དྲོ་བར་བྱས་པ།

    རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་སྲིད་ཇུས་ཀྱི་ལེགས་ཆ་དམིགས་སར་དོན་འཁྱོལ་བྱེད་པའི“མཐའ་མའི་འགག་གནད”བསལ་ཞིང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཁྲོམ་ར་ཚོང་གཉེར་པུའི་ལས་གཉེར་ཁྲུའུ་ཡི་ཁྲུའུ་ཀྲང་ཀེང་ཧྥེ་ཡིས་ངོ་སྤྲོད་བྱས་པར། 2019ལོ་ནས་2024ལོ་བར། ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན། མ་དངུལ་སྒོར་དུང་ཕྱུར་5.59བཏང་ནས་གློག་སྒྱུར་གློག་འདོན་གྱི་མཐའ་སྣེ་སྤྱོད་མཁན་དུད་ཚང་ཁྲི་20.72ལ་སྒྱུར་བཀོད་བྱས་པས་གློག་ཐད་ཀར་མཁོ་འདོན་ཐུབ་ཅིང་། གློག་རིན་ཡང་མཐོ་ཤོས་སུ་ཆུ་ཚོད་ཆན་ཝ་རེར་སྒོར་1.7ཡིན་པ་ནས་ཆུ་ཚོད་ཆན་ཝ་རེར་སྒོར་0.49བར་བཅག་པར་བརྟེན་དཔལ་འབྱོར་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཚོད་རྩིས་བརྒྱབ་པར་གཞིགས་ན། ལོ་ལྟར་མཐའ་སྣེ་སྤྱོད་མཁན་ལ་གློག་རིན་སྒོར་དུང་ཕྱུར་1.65ཙམ་གྲོན་ཆུང་ཐུབ་ཡོད།

    ལྷ་སར་རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིས་དགེ་རྒན་ལྡུམ་རའི་སྡེ་ཁུལ་སོགས་གློག་སྒྱུར་གློག་འདོན་བྱ་ཡུལ་གཙོ་བོ་449ལ་སྒྱུར་བཀོད་བྱས་པ་དང་གློག་སྤྱོད་མཁན་དུད་ཚང་ཁྲི་9.73ལ“དུད་ཚང་གཅིག་ལ་གློག་གི་ཆུ་ཚོད་གཅིག”གི་སྒྱུར་བཀོད་ལས་དོན་ལེགས་གྲུབ་བྱས་ཡོད། རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིའི་གྲོང་ཁུལ་གློག་འདོན་ཞབས་ཞུའི་ལྟེ་གནས་ཀྱི་ཚོང་གཉེར་ཞབས་ཞུའི་པན་ལྔ་པའི་པན་ཀྲང་ཧུའུ་ཡན་ཧྥ་ཡིས“དུད་ཚང་རེས་ཟླ་རེར་གློག་ཏུའུ་300སྤྱད་པར་གློག་རིན་སྒོར་0.5ལྟར་བརྩིས་ན། ཆ་སྙོམས་ཟླ་རེར་དུད་ཚང་གཅིག་གིས་གློག་རིན་སྒོར་150གྲོན་ཆུང་ཐུབ་ཀྱི་ཡོད། ལྷ་ས་གྲོང་ཁྱེར་གྱིས་གློག་སྒྱུར་གློག་འདོན་ལ་སྒྱུར་བཀོད་བྱས་པ་བརྒྱུད། ཆ་སྙོམས་ཟླ་རེར་གློག་རིན་སྒོར་ཁྲི་1459.5གྲོན་ཆུང་ཐུབ་ཡོད། ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ངོས་ནས་བརྗོད་ན། གྲོན་ཆུང་ཐུབ་པའི་གློག་རིན་དག་གཉེར་སྐྱོང་རྒྱ་ཆེར་གཏོང་བ་དང་སྒྲིག་ཆས་གསར་བརྗེས་སོགས་ལ་གཏོང་ཆོག་པ་མ་ཟད། ཁེ་ལས་འཕེལ་རྒྱས་ལའང་སྒུལ་ཤུགས་གསར་པ་སྣོན་ཐུབ”ཅེས་བཤད།

    ཕྱོགས་མང་མཐུན་སྦྱོར་གྱིས་དཀའ་གནད་སེལ་བ་དང་གསར་གཏོད་བཅོས་སྐྱོང་ལ་ཕན་པ་ཐོབ་པ།

    སྲིད་ཇུས་འགན་སྲུང་ནི་གློག་སྒྱུར་གློག་འདོན་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། 2024ལོའི་ཟླ་2ཚེས་18ཉིན། 《བོད་རང་སྐྱོང་ལྗོངས་སྡོད་གནས་ཁུལ་གྱི་གློག་སྒྱུར་གློག་འདོན་སྒྲིག་ཆས་འཛུགས་སྐྲུན་དང་ཞིབ་བཤེར་རྩིས་ལེན་ཚད་གཞི》བོད་རང་སྐྱོང་ལྗོངས་ས་གནས་ཚད་གཞིའི་དྲ་ཐོག་ཏུ་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། ཚད་གཞི་འདི་བཏོན་པ་དེ་ཐོག་ནས་བོད་ཀྱི་སྡོད་གནས་ཁུལ་གྱི་གློག་འདོན་སྒྲིག་ཆས་འཛུགས་སྐྲུན་དང་ཞིབ་བཤེར་རྩིས་ལེན་ཁྱབ་ཁོངས་སུ་གཅིག་གྱུར་དང་ཚད་ལྡན་གྱི་ཚད་གཞིའི་མ་ལག་བཏོད་པ་དང་། གསར་དུ་བསྐྲུན་པའི་སྡོད་གནས་ཁུལ་གྱི་གློག་ནུས་ཚད་འཇལ“དུད་ཚང་གཅིག་ལ་གློག་གི་ཆུ་ཚོད་གཅིག”གི་འཛུགས་སྐྲུན་གྱི་བླང་བྱ་སྔར་བས་ཁ་གསལ་བཟོས་ཏེ། གསར་དུ་བསྐྲུན་པའི་ཁུལ་ཆུང་གི་གློག་འདོན་སྒྲིག་བཀོད་འཛུགས་སྐྲུན་འབྱུང་རྩ་ནས་ཚད་ལྡན་དུ་བཏང་སྟེ། ལྗོངས་ཡོངས་ཀྱི་གློག་སྒྱུར་གློག་འདོན་བཅོས་སྐྱོང་ཐད་མཛུབ་ཁྲིད་རང་བཞིན་གྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ཡོད་ལ། གློག་སྒྱུར་གློག་འདོན་སྣང་ཚུལ་སྔོན་འགོག་བྱེད་པར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་པ་མཚོན་ཡོད།

    ལག་རྩལ་གསར་གཏོད་ཐད་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་གྲངས་གཞི་ཆེན་པོའི་དེང་རབས་ཅན་གྱི་ཚན་རྩལ་བྱ་ཐབས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ། དྲ་ཐོག་རྒྱལ་ཁབ་གློག་དྲའི་APP“གློག་སྒྱུར་གློག་འདོན་གྲོན་དངུལ་ཨང་རྟགས”བེད་སྤྱོད་བྱེད་པར་མུ་མཐུད་ཁྱབ་གདལ་བཏང་ཡོད། མཐའ་སྣེ་སྤྱོད་མཁན་གྱི་གློག་རིན་དང་གློག་གི་གོང་ཚད་ཆ་འཕྲིན་བསྡུར་བ་བྱས་པ་བརྒྱུད“གློག་སྒྱུར་གློག་འདོན་གྲོན་དངུལ་ཨང་རྟགས”ཀྱིས་རང་འགུལ་ངང་ཚོན་མདོག་དམར་པོ་དང་། སེར་པོ། ལྗང་ཁུ་བཅས་གྲུབ་པ་ལས་གློག་སྒྱུར་གློག་འདོན་གྱི་རིན་གོང་སོ་སོར་མཚོན་གྱི་ཡོད། རྒྱུན་ལྡན་མིན་པའི་གནས་ཚུལ་འཕྲད་ཚེ། གློག་འདོན་ཀུང་སི་ཁག་གིས་ཉེན་ཁའི་དྲན་སྐུལ་དུས་ཐོག་ཏུ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ལ་གོང་ཞུ་བྱས་ནས། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་བདེ་བར་གྱུར་ཏེ། གློག་སྒྱུར་གློག་འདོན་གྱི་ལྷུ་ཚིགས་ལ་གནད་སྨིན་ལྟ་འདོམས་བྱེད་ཐུབ་ཀྱི་ཡོད།

    དམིགས་ཚད་གཏན་འཁེལ་གྱིས་ཤུགས་སྣོན་རྒྱག་པ་དང་འཕེལ་རྒྱས་གསར་པར་སྲུང་སྐྱོང་བྱེད་པ།

    ཤེས་རྟོགས་བྱུང་བར་གཞིཌ་ན། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། གསོག་ཚད་རྒྱུན་མཐུད་ཚོད་འཛིན་དང་འཕར་ཚད་སྟངས་འཛིན་བྱེད་བཞིན་ཡོད། རྩིས་སྤྲོད་བྱེད་འདོད་ཡོད་པ་མ་ཟད་བདག་དབང་ཁ་གསལ་བ་དང་གློག་མཁོ་འདོན་སྒྲིག་ཆས་ཡག་པོ་ཡོད་པར། ཆུ་ཚོད་བརྗེས་ཚེ“དུད་ཚང་གཅིག་ལ་གློག་གི་ཆུ་ཚོད་གཅིག”གི་སྒྱུར་བཀོད་མངོན་འགྱུར་ཐུབ་པར། དུས་ཐོག་ཏུ་རྣམ་གྲངས་ཀྱི་མ་དངུལ་གཏོང་སྤྲོད་བྱས་ཏེ། གློག་སྒྱུར་གློག་འདོན་ལས་དོན་སྤེལ་ནས་སྒྱུར་བཀོད་ལས་དོན་མགྱོགས་མྱུར་དང་ནུས་ཆེའི་ངང་ལེགས་འགྲུབ་ཡོང་བའི་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་གསར་དུ་བསྐྲུན་པའི་ཁུལ་ཆུང་དུ“དུད་ཚང་གཅིག་ལ་གློག་གི་ཆུ་ཚོད་གཅིག”གི་ཐད་ཀར་གློག་འདོན་གྱི་ཚད་གཞི་ནན་པོ་གཞིར་བཟུང་ཁང་ས་གསར་སྤེལ་བྱེད་མཁན་ལ་ལན་སློག་རྒྱུ་མ་ཟད། སྔོན་ནས་འབྲེལ་མཐུད་བྱས་ཏེ《བོད་རང་སྐྱོང་ལྗོངས་སྡོད་གནས་ཁུལ་གྱི་གློག་སྒྱུར་གློག་འདོན་སྒྲིག་ཆས་འཛུགས་སྐྲུན་དང་ཞིབ་བཤེར་རྩིས་ལེན་ཚད་གཞི》གཞིར་བཟུང་། ལེ་ལག་ཚང་བའི་གློག་ཤུཌ་སྒྲིག་བཀོད་འཛུཌ་སྐྲུན་ལས་དོན་སྤེལ་དགོས་པའི་བླང་བྱ་བཏོན་ཡོད། འཆར་འགོད་དང་ཇུས་འགོད་བྱེད་པའི་དུས་མཚམས་ནས་ཐེ་ཞུགས་བྱས་ཏེ་གསར་དུ་བསྐྲུན་པའི་ཁུལ་ཆུང་དེ་འབྱུང་རྩ་ནས“དུད་ཚང་གཅིག་ལ་གློག་གི་ཆུ་ཚོད་གཅིག”གི་བླང་བྱ་དང་མཐུན་པའི་འགན་ལེན་བྱས་ཏེ་གློག་སྒྱུར་གློག་འདོན་གྱི་གནད་དོན་གསར་པ་མི་ཐོན་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།