རབ་བྱུང་གཅིག་གི་འགྱུར་ལྡོག་ཆེ། ལྷོ་ཁའི་རྣམ་པ་གསར་པ་མཛེས།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་གི་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
རབ་བྱུང་གཅིག་རིང་འཕོ་འགྱུར་རླབས་པོ་ཆེ། མི་དམངས་རྣམས་ཀྱིས་བདེ་སྐྱིད་གླུ་དབྱངས་ལེན། ལོ་ངོ་60ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་འོད་སྟོང་འཕྲོ་བའི་ཏང་གི་མི་རིགས་སྲིད་ཇུས་འོག བོད་མིའི་འབྱུང་ཁུངས་ཞེས་སུ་གྲགས་པའི་ཡར་ཀླུང་གི་ས་གཞི་ཆེན་པོར། སྒོ་རྒྱག་རྗེས་ལུས་ནས་སྒོ་དབྱེ་ཡར་རྒྱས་དང་། དབུལ་ཞིང་ཕོངས་པ་ནས་དར་རྒྱས་འབྱོར་ཕྱུག་ཕྱོགས་སུ་འཕེལ་རྒྱས་བྱུང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཇེ་ཡག་ཏུ་ཕྱིན་པ་མ་ཟད། ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་གོམ་ཞེང་ཆེན་པོས་བསྐྱོད་ཅིང་། ལྷོ་ཁ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་གི་བསྡོམས་འབོར་ཟིན་ཐོ་བཀོད་སྔ་ཤོས་ཀྱི་1990ལོའི་སྒོར་དུང་ཕྱུར་2.78ནས་2024ལོའི་སྒོར་དུང་ཕྱུར་304.42བར་འཕར་བ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་1965ལོའི་སྒོར་ཁྲི་100ནས་2024ལོའི་སྒོར་དུང་ཕྱུར་21.4བར་འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཟིན་ཐོ་བཀོད་སྔ་ཤོས་ཀྱི་1978ལོའི་སྒོར་143.5ནས་2024ལོའི་སྒོར་23346བར་འཕར་བ། རྨང་གཞིའི་སྒྲིག་བཀོད་དང་། ཐོན་ལས་སྐྱེད་སྲིང་། དམངས་འཚོ་ལེགས་གཏོང་། སྐྱེ་ཁམས་སྲུང་སྐྱོང་བཅས་ཁྱབ་ཁོངས་ཁག་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་ལ་སོགས་ལྷོ་ཁའི་རྣམ་པར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད།
རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་། འཕེལ་རྒྱས་འབྱུང་རྩ་ཉིན་བཞིན་བརྟན།
ལོ་60ཡི་རིང་། མཐའ་མཚམས་ཀྱི་གྲོང་ཚོ་ཆུང་ངུར་འགྱུར་ལྡོག་ཆེན་པོ་བྱུང་བ་ནི“ཏང་གི་འོད་ཟེར་མཐའ་མཚམས་ཡུལ་ལ་འཕྲོས་པའི”མཚོན་ཚུལ་ངོ་མ་རེད། ལོ་60ཡི་རིང་། ལྷོ་ཁས་ཐོག་མཐའ་བར་གསུམ་དུ་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་རྒྱུ་མཐའ་འཁྱོངས་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས་དང་གྲོང་ཁྱེར)12དང་ཤང་གྲོང་90ལ་སྣུམ་ནག་དང་ཨར་འདམ་ལམ་བཏིང་ནས་ཤར་གཏོང་ཐུབ་ཚད་100%ཟིན་ཏེ། ལྷོ་ཁ་གྲོང་ཁུལ་ལྟེ་བར་བྱས་པའི་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་ཞིག་རྩ་བའི་ཆ་ནས་ཆགས་ཡོད།
རྒྱ་ཚ་རྫོང་ནི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་རྫོང་ཆེན་ཞིག་རེད། སྔོན་མ་དབྱར་རྩྭ་དགུན་འབུ་ཕྱིར་ཚོང་གི་ཐབས་ལམ་མང་པོ་མེད་ལ་རིན་གོང་ཡང་ཅུང་དམའ་ཙམ་ཡོད། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་རྗེས། དུད་ཚང་དང་ཡུལ་སྐོར་བ་མང་པོས་ཐད་ཀར་རྒྱ་ཚར་ཉོ་བར་ཕྱིན་པའམ་ཡང་ན་རྒྱ་ཚའི་ཡུལ་མིས་ཐད་ཀར་ལྷ་ས་སོགས་སུ་འཚོང་བར་བསྐྱོད་པ་ལས་མང་ཚོགས་ལ་ཡོང་འབབ་དེ་བས་མང་བ་བྱུང་ཡོད།
གཞུང་ལམ་ཤར་གཏོང་ཐུབ་ན་བྱ་གཞག་ལས་ཀྱིས་དར། ད་ཆ་ལྷོ་ཁ་གྲོང་ཁྱེར་དུ་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་གྲུབ་ཅིང་། རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་རིང་ཚད་1965ལོའི་སྤྱི་ལེ་500ནས་2024ལོའི་སྤྱི་ལེ་9835བར་རིང་དུ་སོང་ཡོད།
འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་སོང་། དམངས་འཚོའི་རྩ་བ་བརྟན་པོར་ཚུགས། ལོ་60ཡི་རིང་ལྷོ་ཁ་གྲོང་ཁྱེར་གྱི་འབྲུ་རིགས་ཐོན་ཚད་1965ལོའི་ཏུན་ཁྲི་5.9ནས་2024ལོའི་ཏུན་ཁྲི་17.58བར་མང་དུ་ཕྱིན་པ་དང་། གྲོང་གསེབ་ཏུ་བདེ་འཇགས་འཐུང་ཆུ་ཁྱབ་ཚད་དང་སྲིད་འཛིན་གྲོང་ཚོར་གློག་དྲ་གཙོ་བོ་ཁྱབ་ཚད་100%ཟིན་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་ནུས་རྒྱུ་དང་། འགྲིམ་འགྲུལ། ཆུ་བེད། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་འབོར་ཆེན་སྔ་རྗེས་སུ་ལག་ལེན་བསྟར་ཞིང་། རིམ་རྩིས་བརྒྱབ་ན་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་2000ལྷག་ཙམ་བཏང་ནས་གཞི་རིམ་མང་ཚོགས་ལ་འཕེལ་རྒྱས་ཀྱི་ཕན་པ་དེ་བས་མང་པོ་ཐོབ་པར་བྱས་ཡོད།
ཁྱད་ལྡན་ཐོན་ལས་ཀྱི་མེ་ཏོག་གང་སར་བཞད། འབད་འབུངས་ཡར་བརྩོན་བྱས་ནས་ལེའུ་གསར་བརྩམས།
ལྷོ་ཁ་གྲོང་ཁྱེར་གྱིས་རང་གི་ཐོན་ཁུངས་ལ་གཞི་ཚུགས་ཏེ་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། ལོ་བཅུ་གྲངས་རིང་ལྗོངས་ཡོངས་ཀྱི་སྔར་མེད་གསར་གཏོད་ཀྱི་གཙོ་གནད་ཐོན་ལས་རྣམ་གྲངས་ནས་གྲོང་ཚོ་རིམ་པའི་སྒོ་འགྲམ་གྱི་དམངས་ཕྱུག་ཐོན་ལས་བར་ལ། གྲོང་ཁྱེར་ཡོངས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཟམ་མི་ཆད་པར་མགྱོགས་སུ་འགྲོ་བཞིན་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷོ་ཁ་གྲོང་ཁྱེར་དུ་གནས་མང་འདེགས་སྐྱོར་དང་སྣ་མང་འཕེལ་རྒྱས་ཀྱི་ཐོན་ལས་མ་ལག་ཅིག་རིམ་བཞིན་གྲུབ་ཡོད།
མཚོ་སྨད་རྫོང་གི་གྲི་གུ་རྩྭ་ཐང་དུ་རླུང་འཁོར་ཆེན་པོའི་འདབ་ལྷེ་རྒྱུན་མི་ཆད་པར་འཁོར་བ་དང་ཆུ་གསུམ་རྫོང་ཁོངས་སྐྱ་བ་གྲོང་ཚོའི་ལ་ཁར་བཙུགས་པའི་མུ་འབྲེལ་འོད་ཤུགས་ཤེལ་ལེབ་ནས་ཉི་འོད་ཆེམ་ཆེམ་དུ་འཚེར་བ་ལ་སོགས། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་304ཟིན་པ་དེས་ལྗོངས་ཡོངས་ཀྱི་སྤྱིའི་བསྡོམས་འབོར་གྱི་གསུམ་ཆ་གཅིག་བཟུང་ཡོད། དུས་མཚུངས་སུ་གྲོང་ཁྱེར་དེ་ཡོངས་སུ་ལེགས་ལྡན་གཏེར་ཁ་དང་། ནུས་རྒྱུ་གཙང་མ། ཨར་ལས་རྒྱུ་ཆ་སོགས་གཙོ་གནད་དུ་བྱས་པའི་བཟོ་ལས་མ་ལག་ཅིག་རིམ་བཞིན་ཆགས་ཡོད་ལ། ལེགས་ལྡན་རྣམ་གྲངས་མང་པོའང་གཅིག་རྗེས་གཉིས་མཐུད་ངང་དོན་ཐོག་ཏུ་འཁྱོལ་བཞིན་ཡོད།
གྲ་ནང་རྫོང་དུ་ཡོད་པའི་ཀྲུང་ཁྲེ་ལྷོ་ཁ་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་གི་ཐོན་ནུས་ཇུས་འགོད་བྱས་པའི་ཚད་ལ་སླེབས་རྗེས་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་30ལྷག་ཙམ་ཟིན་ནས་ས་གནས་དེ་གའི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་འཁོར་འབྲེལ་གྱི་ཁ་གསབ་ཏུ་འགྱུར་རྒྱུ་ཡིན་པ་དང་། རྒྱ་ཚ་རྫོང་ཨན་ཆི་ཇོ་མོ་གླང་མ་ས་མཐོའི་སྐྱེ་ཕན་ཕྲ་སྲིན་རྣམ་གྲངས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་3ཡན་ཟིན་ནས་བོད་ལྗོངས་ས་ཁུལ་གྱི་སྐྱེ་དངོས་བཟོས་རྫས་ཀྱི་སྟོང་ཆ་བསྐངས་པ། འཕྱོངས་རྒྱས་རྫོང་ཁྲེང་ལི་རླངས་འཁོར་ཐོན་ལས་གླིང་འཛུགས་སྐྲུན་རྣམ་གྲངས་ཀྱི་རྩིག་རྨང་འདིང་འགོ་ཚུགས་པ་དེ་ཐོག་ནས་བོད་ཀྱི་ཆེད་སྤྱོད་རླངས་འཁོར་བཟོ་སྐྲུན་ཁེ་ལས་ཐོག་མ་དངོས་སུ་དོན་འཁྱོལ་བྱུང་བ་མཚོན་ཡོད།
ལོ་མང་རིང་ལྷོ་ཁ་གྲོང་ཁྱེར་གྱིས་འཁོར་གཏོང་ཡུལ་སྐོར་དང་། གསར་བརྗེའི་ཡུལ་སྐོར། ལུས་གསོས་ཡུལ་སྐོར་སོགས་ལས་རྣམ་གསར་པ་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། A4རིམ་པའི་མཛེས་ལྗོངས་ཁུལ་4དང་A3རིམ་པའི་མཛེས་ལྗོངས་ཁུལ་10བསྐྲུན་པ། ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་སོགས་དུས་སྟོན་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་བྱས་པ་སོགས་ལས། 2024ལོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་759.32ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་28.89བྱུང་ཡོད།
དམངས་འཚོའི་བདེ་རྩ་ཉིན་བཞིན་ཆེ་རུ་སོང་། བདེ་སྐྱིད་འཚོ་བའི་མེ་ཏོག་རབ་ཏུ་བཞད།
སྟོན་དུས་ཡར་ཀླུང་གཙང་པོའི་ངོགས་གཉིས་སུ་ནགས་ཚལ་སྟུག་ལ་ཚོན་མདོག་རྣམ་པར་བཀྲ། ཟངས་རི་རྫོང་གི་ལོ་87ལ་སླེབས་པའི་བགྲེས་སོང་བཀྲ་ནོར་གྱིས“སྔོན་མ་བྱེ་འབུར་མང་པོ་དག་གིས་ད་ཆ་ལྗང་མདོག་གི་གོས་བཟང་བཀླུབས་འདུག ཡར་ཀླུང་གཙང་པོའི་ངོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་སོང”ཞེས་མྱོང་ཚོར་ཟབ་མོས་བཤད། ཡར་ཀླུང་གཙང་པོའི“ལེ་དབར་བརྒྱའི་ལྗང་མདོག་ཁྱམས་རིང”གིས་ལྷོ་ཁ་གྲོང་ཁྱེར་གྱིས“ལྗང་གསོ་བྱེ་བཅོས”དོན་གཉེར་བྱས་པའི་སྤྱིར་བཏང་མིན་པའི་བརྒྱུད་རིམ་ལ་བདེན་དཔང་བྱས་ཡོད། ལོ་བཅུ་གྲངས་འབད་བརྩོན་བྱས་པ་བརྒྱུད། ལྷོ་ཁ་གྲོང་ཁྱེར་གྱི་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ(བསམ་ཡས་ལྟེ་བའི་ཁུལ)དེ་རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་དཔེ་སྟོན་ཁུལ་གཅིག་པུར་བསྐྲུན་པ་དང་། སྐྱེ་ཁམས་ཁོར་ཡུག་ཡག་པོ་དེ་ཕན་ཐོགས་ཆེ་ཤོས་ཀྱི་དམངས་འཚོའི་བདེ་རྩ་ཞིག་ཏུ་འགྱུར་བཞིན་ཡོད།
ལོ་རེ་བཞིན་ལྗང་མདོག་མང་དུ་སོང་ནས་ཁྱིམ་གཞིས་དེ་བས་འཚོ་སྡོད་ལ་འཚམ་པར་གྱུར་པ་དང་། སྨན་བཅོས་སྒྲིག་གཞི་བརྟན་པོའི་ངང་འཕེལ་རྒྱས་བྱུང་ནས་མང་ཚོགས་ཀྱི་བདེ་ཐང་ལ་དེ་བས་འགན་ལེན་ཐུབ་ཡོད། དེང་རབས་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆབས་ཅིག ལོ་60ཡི་རིང་ལྷོ་ཁ་གྲོང་ཁྱེར་གྱི་སྨན་བཅོས་སྒྲིག་གཞིའི་ཐད། ཐོག་མར་ཕྱོགས་བསྡུས་སྨན་ཁང་1ལས་མེད་པ་ནས་ད་ཆའི་772བར་མང་དུ་ཕྱིན་པ་དང་། ལས་ཞུགས་པ་བརྒྱ་ཡང་མ་ཟིན་པ་ནས་3895བར་མང་དུ་ཕྱིན་ཡོད།
ཐག་ཉེ་ས་དང་སྟབས་བདེ་སར་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་ནི་ལྷོ་ཁ་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད། ལོ་60ཡི་རིང་དུ་ལྷོ་ཁས་སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་བཏང་ཞིང་། 1965ལོར་སློབ་གྲྭ་སྣ་ཚོགས་20ལྷག་ཙམ་ནས་2024ལོར་467བར་མང་དུ་ཕྱིན་པ་དང་། སློབ་ཞུགས་གོང་གི“སྐད་གཉིས”སློབ་གསོའི་སྒྱུར་བཅོས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་བ། འོས་འགན་སློབ་གསོ་ཕྱོགས་ཡོངས་ནས་ཁྱབ་གདལ་བྱུང་བ། མཐོ་འབྲིང་དང་ལས་རིགས་སློབ་གསོ་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་བཅས་མ་ཟད། ཡིག་རྨོངས་ཡིན་ཚད་1965ལོའི་95%ཡན་ནས་ད་ཆ་ཕྱོགས་ཡོངས་ནས་བསལ་ཡོད།
འབྲེལ་ཡོད་གསར་འགྱུར།