ལོ་ངོ་དྲུག་ཅུ་འབད་འབུངས་མདུན་སྐྱོད་བྱས། གངས་ལྗོངས་ས་མཐོར་འཕེལ་རྒྱས་ལེའུ་གསར་བརྩམས།
རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་གི་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
ལོ་ངོ་60ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་ས་མཐོའི་དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། ད་ཆ། བོད་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བས་གངས་ལྗོངས་ས་མཐོར་རྣམ་པ་གསར་པ་མངོན་ཡོད།
ཉམས་པ་ཀུན་སོར་དུ་ཆུད་རྒྱུར་ལུས་པ་ནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བའི་བར།
ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་རེད། ལོ་ངོ་60སོང་རིང་། ས་རྒོད་གསར་སྦོལ་བྱེད་པ་ནས་དར་རྒྱས་གོང་འཕེལ་གཏོང་བའི་བར་དང་ཡར་རྒྱས་དལ་གྱིས་འགྲོ་བ་ནས་འཕེལ་རྒྱས་མགྱོགས་མྱུར་འགྲོ་བའི་བར་བོད་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ལ་མཆོང་སྐྱོད་ཆེན་པོ་བྱུང་ཡོད།
2024ལོར། ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2765ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན་1965ལོའི་ལྡབ་155ཡིན་པ་དང་ལོར་ཆ་སྙོམས་8.9%འཕར་ཡོད་པ་རེད། ས་གནས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་277ཟིན་པ་དེ་1965ལོའི་ལྡབ་1258ཡིན་པ་དང་ལོར་ཆ་སྙོམས་12.9%འཕར་ཡོད་པ་རེད།
ལོ་ངོ་60ཡི་རིང་གི་བོད་ཀྱི་འཕེལ་རྒྱས་བརྒྱུད་རིམ་ལ་ཕྱིར་མིག་བལྟས་ཚེ། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་ཚུལ་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཆིག་སྟོང་དང་པོ་ཟིན་པ་དེར་དུས་ཡུན་ལོ་50འགོར་ཡང་སྒོར་དུང་ཕྱུར་ཆིག་སྟོང་གཉིས་པ་ཟིན་པ་དེར་དུས་ཡུན་ལོ་6ལས་འགོར་མེད། (2015ནས་2021ལོ་བར)
ཞིབ་ཅིང་ཕྲ་བའི་གྲངས་གཞི་རེ་རེ་ལས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དཔལ་འབྱོར་འཛུགས་སྐྲུན་ཐད་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལས་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་དམིགས་བསལ་གྱི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་པ་མ་ཟད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་གསར་གཏོད་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ཡང་མཚོན་ཡོད།
དབུལ་ཕོངས་རྗེས་ལུས་ནས་དར་རྒྱས་གོང་འཕེལ་བར།
2019ལོའི་ལོ་མཇུག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དང་ཆུས་དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་དེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་བསལ་ཡོད།
རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་མཐའ་མ་ཡིན་པའི་མེ་ཏོག་རྫོང་ལ་དེ་སྔ“ས་མཐོའི་ཁེར་ཆགས་གླིང་ཕྲན”ཞེས་བརྗོད་ཀྱི་ཡོད་ཅིང་། དངོས་ཟོག་དཀོན་པ་མ་ཟད། ཐོན་ལས་ཀྱི་འདེགས་སྐྱོར་དེ་བས་འདང་གི་མེད། མེ་ཏོག་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་ཚེ་རིང་ཆའོ་ཡིས་གཞུང་ལམ་ཤར་གཏོང་ཐུབ་རྗེས། མེ་ཏོག་རྫོང་གིས་ཇ་ལོའི་ཐོན་ལས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་ཡོད། ད་ཆ། ཇ་ལོའི་ཐོན་ལས་ཤང་དང་གྲོང་རྡལ་6གི་སྒྲིག་ཚུད་གྲོང་ཚོ་39ལ་ཁྱབ་པ་དང་། ཇ་ལོ་ལས་སྣོན་བཟོ་གྲྭ་11དང་ཐོན་སྐྱེད་ཐུམ་སྒྲིལ་ལམ་ཐིག་22བསྐྲུན་པ། ད་ཡོད་སྒྲིག་ཆས་ཀྱིས་ཉིན་རེར་ཇ་ལོ་རྒྱ་མ་ཁྲི་4ཙམ་ལས་ཚར་གྱི་ཡོད། 2024ལོར། མེ་ཏོག་རྫོང་འདི་ཉིད་ཀྲུང་གོའི་ཇ་ལོའི་ཡུལ་སྐོར་གྱི་དམིགས་ས་ཆེ་གྲས་བཅུའི་ནང་བདམས་པ་རེད།
ཉེ་བའི་ལོ་ཤས་རིང་། རྒྱལ་རྩེ་རྫོང་གི་ནས་ཀྱི་ཐོན་ལས་དེ་ཉིད་རྫོང་སྟོབས་ཆེར་གཏོང་བ་དང་མང་ཚོགས་ཕྱུག་པོ་ཆགས་པར་བྱེད་པའི་ས་གནས་དེ་གའི་ཀ་རྟེན་ལྟ་བུའི་ཐོན་ལས་ལ་འགྱུར་བཞིན་ཡོད་པ་དང་། 2024ལོར། རྒྱལ་རྩེ་རྫོང་གི་ནས་ཀྱི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.48ཟིན་པ་དེ་དུས་མཚུངས་ལས་66%འཕར་ཡོད་པ་རེད།
གྲངས་གཞི་ལས་མངོན་པར། 2024ལོར། བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་55444ཟིན་པ་དེ་1965ལོའི་ལྡབ་121དང་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21578ཟིན་པ་དེ་1965ལོའི་ལྡབ་199ཡིན་པ་རེད།
སྒུལ་ཤུགས་ཞན་པ་ནས་ཁྱད་ཆོས་མངོན་པར་གསལ་བའི་བར།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་ཅིང་། རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས་སོགས་ཐོན་ལས་ཆེ་གྲས་དགུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ས་མཐོའི་དཔལ་འབྱོར་རྒྱུན་མཐུད་ལེགས་པོ་བྱུང་ཡོད། དེ་དང་ཆབས་ཅིག ས་མཐོའི་མི་དམངས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ས་མཐོའི་ཡང་བའི་བཟོ་ལས་ལའང་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས། བོད་ཀྱིས་རང་བརྟེན་ཞིབ་སྤེལ་དང་ཐོན་སྐྱེད་བྱས་པའི“གངས་ལྷ་མེ་ཏོག”དང“སྐལ་བཟང་མེ་ཏོག”རྟགས་ཅན་གྱི་ས་མཐོའི་ཐབ་ཆས་ཉོ་ཚོང་གཉིས་ཀ་ཡག་པོ་བྱུང་ཡོད།“གངས་ལྷ་མེ་ཏོག”རྟགས་ཅན་གྱི་ས་མཐོའི་ཐབ་ཆས་ཁྱོན་ཁྲི་120ལྷག་ཙམ་བཙོངས་པར་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་5ཙམ་ཟིན་ཡོད་པ་རེད།
2024ལོར། རང་ལྗོངས་ཀྱི་ཚོང་དོན་སྡེ་ཚན་གྱིས་འཛད་རྫས་རྙིང་པ་གསར་པར་བརྗེ་བའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། རླངས་འཁོར“ནུས་རྒྱུ་གསར་པའི་རླངས་འཁོར”ལ་བརྗེ་བ་དང་། ཁྱིམ་སྤྱོད་གློག་ཆས“རིག་ནུས་གློག་ཆས”ལ་བརྗེ་བ། ཁྱིམ་ཚང་གི་ཐབ་ཚང་དང་གསང་སྤྱོད“གསར་བཟོ”བཅས་དང་དེ་བཞིན་གློག་སྒུལ་སྦག་སྦག་རྙིང་པ་གསར་པར་བརྗེ་བར་སྤྱི་འདོམས་སྐུལ་འདེད་བཏང་ཡོད། སྲིད་ཇུས་ཀྱི་རོགས་སྐྱོར་དང་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོའི་སྐུལ་འདེད་ནུས་ལྡན་འོག འཛད་རྫས་སྣ་ཚོགས་ལ་བྲིན་ཚོང་གི་དབྱར་མཚོ་རྒྱས་ནས་ས་མཐོའི་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་སྟབས་བདེ་དང་ཕན་པ་བསྐྲུན་ཡོད།
འབྲེལ་ཡོད་གསར་འགྱུར།