“རྒན་གསོ”ནས“རྒན་གསོ་ལོངས་སྤྱོད”བར།
ཉིང་ཁྲིས་རྒན་རྒོན་གྱི་བདེ་སྐྱིད་འཚོ་བའི་ལེའུ་གསར་པ་བརྩམས་པ།
འདི་ནི་རྒན་གསོའི་ཟ་ཁང་ཡིན་པ།
འདི་ནི་རྒན་རྒོན་གྱིས་ཟ་ཁང་དུ་ཟ་མ་ཟ་བཞིན་པ།
འདི་ནི་མ་བྱན་གྱིས་རྒན་གསོའི་ཟ་ཁང་དུ་ཚལ་གྲ་སྒྲིག་བྱེད་བཞིན་པ།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་སྐྱོད་སྐབས། གཙང་ཞིང་གྲལ་འགྲིག་པའི་སྒོ་རའི་ནང་དྲོ་སྐྱིད་ཀྱི་རྣམ་པས་ཁེངས་ཤིང་། རྒན་རྒོན་40ལྷག་ཙམ་གྱིས་ལས་དོན་མི་སྣའི་སྣེ་ཁྲིད་འོག་དལ་ཞིང་སྙན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་མཉམ་དུ་བདེ་ཐང་ལུས་སྦྱོང་བྱེད་བཞིན་ཡོད་པ་དང་། ངལ་གསོའི་ཁྱམས་རིང་ནང་རྒན་རྒོན་ཚོ་ཉི་མ་བསྲོ་བའམ་ཡང་ན་ཁ་བརྡ་གློད་བཞིན་ཡོད་པ། བི་ཤུ་ར་བའི་ནང་དགོད་སྒྲ་གྲགས་པ་སོགས་དྲོ་སྐྱིད་དང་ཞི་མཐུན་གྱི་རྒན་གསོའི་རྣམ་པ་འདྲེན་བྱེད་ལམ་དུ་མངོན།
ལྗོངས་ཡོངས་ཀྱི་སྐར་རིམ་གསུམ་པའི་གྲས་སུ་སྔོན་ལ་བདམས་པའི་ཉིང་ཁྲི་གྲོང་ཁྱེར་གྱི་རྒན་གསོའི་ལྟེ་གནས་དེ་2013ལོའི་ཟླ་བ་བཅུ་པར་སྤྱོད་འགོ་ཚུགས་པ་ནས་བཟུང་། ཐོག་མའི་རྒན་རྒོན་8ནས་ད་ཆ་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་101བསྡུ་ལེན་བྱས་པའི་བར་འཕེལ་རྒྱས་ཕྱིན་པ་དང་། དེའི་ཁྲོད་ནས་མི་80དབང་པོ་སྐྱོན་ཅན་ཡིན་པ་རེད། རྒན་རྒོན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། ལྟེ་གནས་ཀྱིས་རྒན་རྒོན་གྱི་དགའ་ཕྱོགས་ལ་གཞིགས་ནས་དབང་པོ་སྐྱོན་ཅན་གྱི་རིག་རྩལ་རུ་ཁག་དང་། དབང་པོ་སྐྱོན་ཅན་གྱི་ལག་ཤེས་རུ་ཁག དབང་པོ་སྐྱོན་ཅན་གྱི་བི་ཤུ་རུ་ཁག་བཅས་སོ་སོར་བཙུགས་པ་རེད།
ལོ་77ལ་སླེབས་པའི་བགྲེས་སོང་དར་རྒྱས་ཀྱིས་བྱེད་སྒོ་ཁང་དུ་བློ་རྩེ་གཅིག་སྒྲིམ་གྱིས་ཀོ་བའི་ལྟོ་ཕད་བཟོ་བཞིན་ཡོད། ཁོང་གིས་བཟོས་ཚར་མ་ཐག་པའི་ཀོ་བའི་ལྟོ་ཕད་ཅིག་གསར་འགོད་པར་བསྟན་པ་དང་ངོ་གདོང་ལ་སྤོབས་པས་ཁེངས། ལྟེ་གནས་དེའི་ཀྲུའུ་རེན་གཞོན་པ་བརྩོན་འགྲུས་ཀྱིས་གསར་འགོད་པར“ཀོ་བའི་ལྟོ་ཕད་དེ་ནི་ནོར་གྱི་པགས་པས་བཟོས་པ་དང་། དེའི་སྟེང་གི་ཉ་ལྕིབས་ནི་ཁོང་གིས་རེ་རེ་བཞིན་བཙེམས་པ་རེད། ང་ཚོས་ཁོང་གིས་བཟོས་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་བྲག་ཡིབ་ཆུས་དབང་པོ་སྐྱོན་ཅན་ལག་ཤེས་བཟོ་རྩལ་འགྲེམས་སྟོན་ཁང་དུ་བཞག་ནས་འགྲེམས་སྟོན་དང་འཚོང་རྒྱུ་ཡིན། ཀོ་བའི་ལྟོ་ཕད་དེའི་རིན་གོང་སྒོར་1500ཡས་མས་ཡིན་པས་ཉོ་མཁན་མང་པོ་འདུག”ཅེས་ངོ་སྤྲོད་བྱས།
བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་བོད་སྨན་སྡེ་ཁག་ཏུ་སྨན་དོན་པ་ཚེ་བརྟན་དབྱངས་སྐྱིད་ཀྱིས་ལོ་85ལ་སླེབས་པའི་བགྲེས་སོང་སྐལ་བཟང་ཚེ་རིང་ལ་ཚྭ་དུགས་རྒྱག་བཞིན་ཡོད།
“སྨན་བཅོས་ཉིན་གསུམ་བྱས་རྗེས་ངའི་སྐེད་པའི་ན་ཟུག་མངོན་གསལ་དོད་པོས་ཆུང་དུ་ཕྱིན་སོང”ཞེས་སྐལ་བཟང་ཚེ་རིང་གིས་གསར་འགོད་པར་བརྗོད།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམིགས་ཏེ“ཁྱིམ་གྱི་སྒོ་རྩར”རྒན་གསོ་ཁང་བཙུགས་ཡོད། གྲོང་གསེབ་ཏུ་རྒན་གསོ་ཁང་སྣ་མང་ཅན་དུ་རྒྱ་སྐྱེད་བཏང་བ་སྟེ། གྲོང་ཚོ་ཨུ་ལྷན་གྱི་བེད་མེད་དུ་ལུས་པའི་ཁང་པ་བེད་སྤྱད་དེ“སྲིད་གཞུང་དང་དགེ་སྒྲུབ་ཟུང་དུ་འབྲེལ་བའི”མ་དངུལ་གྲབས་གསོག་བྱེད་སྟངས་ལ་བརྟེན་ནས་གྲོང་གསེབ་ཀྱི་བདེ་སྐྱིད་སྒོ་ར་32གཉེར་སྐྱོང་བྱས་པ་དང་། རྒན་གསོའི་ཟ་ཁང་36དང་རྒན་གསོའི་ཞབས་ཞུའི་ས་ཚིགས་3རྟ་སྒ་ཆ་སྒྲིག་ངང་བསྐྲུན་པ། “སྐར་མ་15ཡི་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་འཁོར་རྒྱ”བཏོད་པར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུ་ཁང“ཡོངས་སུ་ཁྱབ་པ་དང་ཁུག་ཆ་མ་ལུས་པ”བྱུང་བ་རེད།
“རྒན་གསོ་ལོངས་སྤྱོད”ཀྱི་ཉམས་ལེན་དེ་རྒན་རྒོན་གྱི་དགོས་མཁོ་དང་དེ་བས་འཚམ་པར་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་ཞབས་ཞུའི་ནང་དོན་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་སྣ་མང་ཅན་གྱི་བྱེད་སྒོ་སྤེལ་ཏེ་རྒན་རྒོན་གྱི་འཚོ་བ་ཕུན་སུམ་ཚོགས་ལ་སྤུས་ཚད་ལྡན་པར་བྱས་ཡོད། ཁྱིམ་སྡོད་དང་སྡེ་ཁུལ་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུ་ལེགས་གཏོང་བྱ་སྤྱོད་ཀྱི་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་ཏེ། དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ནུས་ཤོར་དང་ཆ་ཤས་ནུས་ཤོར་གྱི་རྒན་རྒོན་ཁག་གཅིག་ལ་ཁྱིམ་ཚང་རྒན་གསོའི་ཉལ་ཁྲི་394མཁོ་འདོན་བྱས་པ་དང་། རྒན་རྒོན་མི་ཐེངས་738ལ་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་བྱས་པ། གྲོང་ཁྱེར་ཡོངས་ཀྱི་ལོ་60དང་དེ་ཡན་གྱི་རྒན་རྒོན་གྱི་ནུས་པའི་རིམ་པར་ཚོད་སྐོར་བྱས་ནས་ལོ་60དང་དེ་ཡན་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་ཁྱིམ་ལས་དང་། གཟུགས་པོར་བརྟག་དཔྱད། བདེ་ཐང་སླར་གསོ་སོགས་ཁྱིམ་གྱི་སྒོ་རྩར་ཞབས་འདེགས་ཞུས་པ། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་འཚམས་འདྲི་དང་གཅེས་སྐྱོང་གི་ཞབས་འདེགས་ཞུ་བ་དང་གྲོང་ཁྱེར་ཡོངས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་1623ལ་འཚམས་འདྲི་དང་གཅེས་སྐྱོང་གི་ཡིག་ཚགས་བཟོས་ཡོད།
འབྲེལ་ཡོད་གསར་འགྱུར།