གསར་འགོད་པས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ལ་བཅར་འདྲི་བྱས་ཏེ།
འགལ་བ་དང་རྩོད་གཞི“གཅིག་འཐུས་རྣམ་པར་བརྟེན་ནས་ཐག་གཅོད་ཇི་ལྟར་བྱུང་བར”ལྟ་བ།
ཁྱིམ་མཚེས་དབར་རྩོད་གཞི་ཐོན་ཚེ་ཇི་ལྟར་བྱེད་དགོས་སམ། རྐང་བཙུགས་ནས་གླ་ཆ་འགྱངས་ཆད་བྱས་ཚེ་སུ་ཞིག་འཚོལ་དགོས་སམ། བོད་དུ་སྒོ་བྱང་མངོན་གསལ་དོད་པ་དང་འཁོར་སྐྱོད་ནུས་ཆེའི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་མང་པོ་ཞིག་གིས་མང་ཚོགས་ཀྱི་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བཞིན་ཡོད།
འགལ་བ་དང་རྩོད་གཞི་ཡོད་ཚེ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བསྐྱོད་པ་ནི་བོད་ཀྱི་མི་སེར་ཚོའི་གཅིག་མཐུན་ངོས་འཛིན་དུ་འགྱུར་བཞིན་ཡོད།
ཉེ་ཆར། གསར་འགོད་པས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་རང་ལྗོངས་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་གཞི་རྟེན་དུ་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ཇི་ལྟར་བྱེད་པ་དང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་འགལ་བ་དང་རྩོད་གཞི“གཅིག་འཐུས་རྣམ་པར”བརྟེན་ནས་ཇི་ལྟར་སེལ་ཚུལ་ཤེས་རྟོགས་བྱས་པ་ཡིན།
“གཅིག་འཐུས་རྣམ་པ”སྤྱོད་དོན་གང་ཡིན་ནམ།
ཉིན་ཤས་གོང་། གསར་འགོད་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་སྐྱོད་སྐབས། སྐུ་ཞབས་ཐང་ལགས་སོགས་ཀྱིས་མི་དམངས་འདུམ་འགྲིག་པ་བསྟན་འཛིན་སྒྲོལ་མར་ཐུགས་རྗེ་ཆེ་ཞུ་བཞིན་འདུག
སྐུ་ཞབས་ཐང་ལགས་སོགས་ལས་མི་105ཡིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་གྲོང་ཁྱེར་མཛེས་བཟོའི་ལས་ཀ་བྱེད་བཞིན་ཡོད་པ་དང་གྲོང་ཁྱེར་འཛུགས་སྐྲུན་ཀུང་སི་ཞིག་དང་ངལ་ལས་ཐད་རྩོད་གཞི་ཐོན་པ་དེ་གླ་ཆ་སྒོར་ཁྲི་140ཙམ་དང་འབྲེལ་བ་ཡོད། “ང་ཚོས་ཁེ་ལས་དང་གྲོས་མོལ་ཐེངས་མང་བྱས་ཀྱང་བློ་ཡིད་ཚིམ་པའི་འབྲས་བུ་ཞིག་མ་ཐོན་སྟབས་ཚོད་ལྟ་དང་སྦྲགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་རོགས་སྐྱོར་ཞུ་བར་ཡོང་བ་ཡིན”ཞེས་ཁོང་གིས་བཤད།
ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཐོ་འགོད་བདག་སྤྲོད་བྱས་རྗེས། འདུམ་འགྲིག་པ་བསྟན་འཛིན་སྒྲོལ་མས་མགྱོགས་མྱུར་འབྲེལ་ཡོད་ཁེ་ལས་དང་འབྲེལ་གཏུག་བྱས་ནས་འགལ་བའི་གནད་འགག་གསལ་པོ་བཟོས་རྗེས་ཕྱོགས་གཉིས་པོར་འབྲེལ་གཏུག་དང་ཁ་ཏ་བསླབ་བྱ་ཐེངས་མང་བྱས། གྱོད་གཞི་དང་འབྲེལ་བའི་དངུལ་འབོར་ཅུང་མང་བ་དང་མི་སྣ་ཅུང་མང་བར་གཞིགས་ནས་ལྟེ་གནས་ཀྱིས་ད་དུང་ཆེད་མངགས་ངལ་རྩོལ་ཁྲུན་གཅོད་དང་བཅའ་ཁྲིམས་རོགས་སྐྱོར་ཁྲིམས་རྩོད་པ་མཉམ་དུ་འདུམ་འགྲིག་བྱེད་པར་གདན་དྲངས་པ་རེད།
གཟའ་འཁོར་གཅིག་རིང་འབད་བརྩོན་བྱས་པ་བརྒྱུད། ཕྱོགས་གཉིས་པོའི་དབར་མཐར་འདུམ་འགྲིག་གྲོས་མཐུན་བྱུང་ནས་ཀུང་སིས་འགྱངས་ཆད་བྱས་པའི་གླ་ཆ་ཁག་བགོས་ནས་སྤྲོད་རྒྱུའི་ཁས་བླངས། ལྟེ་གནས་དེས་ད་དུང་རྗེས་འདེད་འཚམས་ལན་ཞུ་བའི་ལམ་སྲོལ་བཙུགས་ནས་འདུམ་འགྲིག་བྱས་འབྲས་དོན་འཁྱོལ་གནད་འཁེལ་ཡོང་བའི་འགན་ལེན་བྱས་ཡོད།
སྐུ་ཞབས་ཐང་ལགས་ཀྱིས“མ་གཞི་ཚན་པ་མང་པོར་སྐྱོད་དགོས་ངེས་རེད་སྙམ་རུང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས‘གཅིག་འཐུས་རྣམ་པའི’ཐོག་ནས་ཐག་གཅོད་ཐུབ་པ་བསམ་ཡུལ་ལས་འདས་སོང་། འདི་གའི་ཞབས་ཞུའི་རྣམ་འགྱུར་ཡག་ལ་ལས་ཆོད་ཡང་ཆེན་པོ་འདུག”ཅེས་དགའ་སྤྲོའི་ངང་བཤད།
“གཅིག་འཐུས་རྣམ་པ”སྤྱོད་ཐུབ་དོན་གང་ཡིན་ནམ། འགག་རྩ་ནི་ཐོན་ཁུངས་བསྡུ་སྒྲིལ་བྱ་རྒྱུ་དེ་ཡིན། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་སྤྱི་བདེ་དང་། ཁྲིམས་ཁང་། ཞིབ་དཔྱོད། ཁྲིམས་འཛིན། ཡིག་འབུལ་ཞུ་བཅར། མི་སྤྱི་སོགས་སྡེ་ཚན་ཚང་མ་ཡོད་པས་ལས་ཁུངས་མཉམ་རུབ་རྣམ་པའི་གཞུང་དོན་སྒྲུབ་པ་དང་། གཞི་གཅིག་ཅན་གྱི་བཀོད་གཏོང་བྱེད་པ། གཅིག་འཐུས་རྣམ་པའི་ཞབས་འདེགས་ཞུ་བ་བཅས་བྱེད་ཀྱི་ཡོད། འདུམ་འགྲིག་དང་། ཁྲུན་གཅོད། སྲིད་འཛིན་ཁྲུན་གཅོད། སྲིད་འཛིན་བསྐྱར་གྲོས། གཞུང་དཔང་། བཅའ་ཁྲིམས་རོགས་སྐྱོར་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་འགལ་བ་དང་རྩོད་གཞི་སྣ་མང་ཐག་གཅོད་བྱེད་པའི་མ་ལག་བཙུགས་ནས་མང་ཚོགས་ཀྱི་རེ་འདུན་ས་གནས་དེ་གར་དང་ལེན་བྱེད་པ་དང་འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་ཐག་གཅོད་ཐུབ་པར་བྱས་ཡོད།
གནད་ལ་འཁེལ་པོས“བཙལ་ཡུལ་མི་ནོར་བ”ཇི་ལྟར་བྱེད་དགོས་སམ།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཚོམས་ཆེན་དུ་ཁྲིམས་འཛིན་ཅུས་ཀྱི་ལས་དོན་པས་དཔལ་འབྱོར་གྱི་རྩོད་གཞི་ཞིག་ལ་བཅའ་ཁྲིམས་ཀྱི་བསམ་འཆར་མཁོ་འདོན་བྱེད་བཞིན་ཡོད་པ་དང་། མི་སྤྱི་ཅུས་ཀྱི་ཆེད་བསྐོས་པས་ཞིང་པ་ལས་མིའི་གླ་ཕོགས་སྤྲད་པའི་ཟིན་ཐོར་ཞིབ་བསྡུར་བྱེད་བཞིན་ཡོད་པ། འདུམ་འགྲིག་པས་བཟའ་ཚང་ཁ་བྲལ་རྗེས་ཀྱི་རྒྱུ་ནོར་བགོ་བཤའ་རྒྱག་པ་ལས་བྱུང་བའི་རྩོད་གཞི་ཞིག་འདུམ་འགྲིག་བྱེད་བཞིན་ཡོད་པ་སོགས་བྱེད་ནུས་ཁུལ་ཁག་གི་བཀོད་སྒྲིག་ལུགས་མཐུན་དང་། ཕྱོགས་སྟོན་མཚོན་རྟགས་མངོན་གསལ་དོད་པ། ལས་དོན་ཁག་གོ་རིམ་ལྡན་པ་སོགས་གསར་འགོད་པར་མཐོང་བྱུང་།
བཙལ་ཡུལ་མ་ནོར་ཚེ་འགལ་བ་དང་རྩོད་གཞི་ཐག་གཅོད་ནུས་ལྡན་བྱེད་ཐུབ།
ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་ཁུལ་ཆུང་ཞིག་ཏུ་དེ་སྔ་སྡེ་ལས་གྲོན་དངུལ་བསྡུ་ལེན་གྱི་གནད་དོན་ཐད་རྩོད་གཞི་རྒྱུན་ཆད་མེད་པར་ཐོན་ནས་གྲོས་མོལ་ཐེངས་མང་བྱས་ཀྱང་ཐག་གཅོད་ཐུབ་མེད། ཁ་རུབ་ཆུས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སྤྱོད་འགོ་ཚུགས་པ་དང་བསྟུན་ནས། དོ་བདག་དང་སྡེ་ལས་ཀུང་སིའི་དབར་འདུམ་འགྲིག་བྱ་རྒྱུ་དེ“ཇ་མངར་མོ”ཕོར་བ་གང་ནས་འགོ་བཙུགས་ཏེ། ཁྲིམས་ཁང་དང་། སྤྱི་བདེ། ཡིག་འབུལ་ཞུ་བཅར། སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཚན་གྱིས་མཉམ་དུ་སྐུལ་སློང་དང་ངང་རྒྱུད་རིང་པོས་འདུམ་འགྲིག་བྱས་པས་མཐར་འདུམ་འགྲིག་གྲོས་མཐུན་བྱུང་བ་མ་ཟད། ཁྲིམས་འཛིན་ངོས་བཟུང་ཡང་བྱུང་ནས་འགལ་བ་དང་རྩོད་གཞི་ཐག་གཅོད་བདེ་བླག་བྱུང་ཡོད།
འདུམ་འགྲིག་ཇི་ལྟར་བྱས་ཚེ་ནུས་པ་ཆེན་པོ་ཐོན་ཐུབ་བམ།
འགལ་བ་དང་རྩོད་གཞི་སྡེ་ཚན་མང་པོ་དང་འབྲེལ་བ་ཡོད་སྐབས་ནུས་ཆེ་མཉམ་འགུལ་གྱིས་ཐག་གཅོད་ཇི་ལྟར་བྱེད་དགོས་སམ། འགལ་བ་ཐོན་མ་ཐག་ཇེ་ཆེར་མི་འགྲོ་བ་ཇི་ལྟར་བྱེད་དགོས་སམ། དོ་བདག་ས་གནས་ས་ཐོག་ཏུ་ཡོང་མ་ཐུབ་ཚེ་འདུམ་འགྲིག་ཇི་ལྟར་བྱེད་དགོས་སམ།
རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་དབྱང་ཀེང་གིས“མང་ཚོགས་ཀྱི་རེ་འདུན་ལ་དམིགས་ནས། ང་ཚོས་ཐོག་མར་ཆེད་ལས་འདུམ་འགྲིག་པས་འདུམ་འགྲིག་རགས་ཙམ་བྱེད་པ་དང་། རྙོག་འཛིང་ཆེ་བའི་རྩོད་གཞིར‘1+N’མཉམ་འགུལ་འདུམ་འགྲིག་བྱེད་འགོ་བཙུགས་ནས་འབྲེལ་ཡོད་འགན་ནུས་སྡེ་ཚན་དེའི་ནང་ཞུགས་རྒྱུར་གདན་དྲངས་ཀྱི་ཡོད། རྣམ་པ་དེ་རིགས་ལས་དེ་སྔའི་སྡེ་ཚན་གྱིས‘ཁེར་རྐྱང་ངང་ཐག་གཅོད་བྱེད་པའི’རྣམ་པར་འགྱུར་ལྡོག་ཕྱིན་ཡོད། ‘གཞི་རིམ་ཚན་པས་གནད་དོན་ཤེས་རྟོགས་བྱུང་རྗེས་འབྲེལ་ཡོད་སྡེ་ཚན་སྐོང་བསྡུ་བྱས་ནས་མཐུན་སྦྱོར་ཐག་གཅོད་བྱེད་པའི’ལམ་སྲོལ་བརྒྱུད་མགྱོགས་མྱུར་དང་ལེན་དང་མཐུན་སྦྱོར་ཐག་གཅོད་མངོན་འགྱུར་བྱུང་ཡོད”ཅེས་བཤད།
ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་ཀོན་ཁྲང་དབྱིང་གིས“དེ་སྔ་སྡེ་ཚན་ཁག་གིས་སོ་སོས་ཐག་གཅོད་བྱེད་ཀྱི་ཡོད་པ་དང་ད་ལྟ‘གཞི་རིམ་ཚན་པས་གནད་དོན་ཤེས་རྟོགས་བྱུང་རྗེས་འབྲེལ་ཡོད་སྡེ་ཚན་སྐོང་བསྡུ་བྱས་ནས་མཐུན་སྦྱོར་ཐག་གཅོད’བྱེད་ཀྱི་ཡོད་པས་ལས་ཕྱོད་ལྡབ་འཕར་བྱུང་ཡོད”ཅེས་མྱོང་ཚོར་ཟབ་མོས་བཤད།
གྲངས་འཛིན་ཅན་གྱི་དུས་རབས་ཀྱི་རྒྱབ་ལྗོངས་འོག་མང་ཚོགས་ཚོས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ“ངོ་ཐུག་གདོང་འཕྲད”ཀྱིས་འདུམ་འགྲིག་བྱེད་ཆོག་པ་མ་ཟད། ད་དུང་དྲ་ཐོག་ལས་སྟེགས་བརྒྱུད“བརྙན་ལམ་སྦྲེལ་མཐུད”བྱས་ནས་རྩོད་གཞི་ཐག་གཅོད་བྱེད་ཐུབ། ད་ལོའི་ཟླ་4པར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས“སྣ་མང་འདུམ་འགྲིག”གི་སྐད་འཕྲིན་གྱི་བྱ་རིམ་ཆུང་ངུ་བརྒྱུད་ཕྱོགས་གཉིས་པོས་བརྙན་ལམ་སྦྲེལ་མཐུད་དང་། དཔང་རྟགས་འདོན་པ་དང་བདེན་དཔང་བྱེད་པ། གྲོས་མཐུན་བཞག་པ་བཅས་བྱས་ཤིང་། བརྒྱུད་རིམ་ཧྲིལ་པོ་སྒྲ་ཕབ་བརྙན་ལེན་བྱས་ཏེ་ཚོང་སྒྱུར་ཁང་པ་ཉོ་ཚོང་གི་གན་རྒྱའི་རྩོད་གཞི་ཞིག་ནུས་པ་ཆེ་ལ་སྟབས་བདེའི་ངང་ཐག་གཅོད་བྱས་པ་རེད།
“དེ་སྔ‘མི་ཚོགས་ཆེན་པོའི་འཐབ་རྩལ’ལ་བརྟེན་དགོས། ད་ལྟ‘གྲངས་གཞིས་ལས་ཀ་མང་པོ་བྱེད་ཀྱི་ཡོད”དབྱང་ཀེང་གིས“གཞི་གྲངས་ཆེན་པོས་དབྱེ་ཞིབ་བྱས་པ་བརྒྱུད། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཉེན་ཁའི་མངོན་མེད་རྐྱེན་ངན་སྔོན་ཚུད་ནས་ཤེས་རྟོགས་ཐུབ་ཀྱི་ཡོད། དཔེར་ན། ཁུལ་ཁོངས་ཤིག་ཏུ་རྐུ་ཤོར་བའི་གྱོད་གཞི་ཡང་ཡང་ཐོན་པས་སྐོར་ཞིབ་སྟོབས་ཤུགས་མང་དུ་བཏང་བ་དང་། ཁུལ་ཆུང་ཞིག་ཏུ་ཞུ་གཏུག་རྒྱག་མཁན་མང་དུ་ཕྱིན་པས་སྔོན་ནས་གྲལ་བཤེར་བྱས་ཏེ‘ཞུ་གཏུག་མ་རྒྱབ་གོང་ནས་ཐག་གཅོད’ཐུབ་ཡོད”ཅེས་ངོ་སྤྲོད་བྱས།
གྱོད་མཇུག་འགྲིལ་ནས་གནད་དོན་ཐག་གཅོད་ཐུབ་པ་ཇི་ལྟར་བྱེད་དགོས་སམ།
“གྱོད་ཁོངས་སུ་བཅུག་པ་ནས་ཐག་གཅོད་བྱེད་པའི་བར་ཉིན་བདུན་ལས་འགོར་མ་སོང་། ས་གནས་ས་ཐོག་ཏུ་ཁྲིམས་འཛིན་ངོས་བཟུང་ལེགས་གྲུབ་བྱུང་བས་དངུལ་མགྱོགས་པོ་རག་བྱུང”ཞེས་ལས་རྨས་སྐྱིན་ཚབ་རག་མ་ཐག་པའི་ཨར་སྐྲུན་ལས་མི་ཝང་ལགས་ཀྱིས་བློ་ཡིད་ཚིམ་པོས་བཤད། སྐབས་དེར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཚོམས་ཆེན་གྱི་གློག་རྡུལ་འཆར་ཤེལ་ཐོག་གྱོད་གཞི་དེའི་སྒྲུབ་གཉེར་གནས་ཚུལ“བདག་སྤྲོད་བྱེད་བཞིན་པ”ནས“ཐག་གཅོད་བྱས་ཟིན་པར”གྱུར།
འདུམ་འགྲིག་བྱུང་བ་ནི་མཐའ་མའི་དམིགས་ཡུལ་མིན་པར་ཁ་བཤད་ལག་བསྟར་ཐུབ་པ་ནི་འགག་རྩ་ཡིན། དབྱང་ཀེང་གིས“གྱོད་མཇུག་འགྲིལ་ནས་གནད་དོན་དངོས་སུ་ཐག་གཅོད་ཐུབ་ཕྱིར་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་འགལ་བ་དང་རྩོད་གཞི་བདག་སྤྲོད་བྱེད་འགོ་ཚུགས་པ་ནས་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་དང་བརྒྱུད་རིམ་ཧྲིལ་པོར་སྒྲུབ་སྐུལ་བྱས་ཏེ་ལས་དོན་ཁག་དོན་འཁྱོལ་ཡོང་བར་འགན་ལེན་བྱས་ཡོད། འདུམ་འགྲིག་ལེགས་གྲུབ་བྱུང་བའི་རིགས་ང་ཚོས་དོ་བདག་ལ་ཁྲིམས་འཛིན་ངོས་བཟུང་རེ་ཞུ་བྱེད་རོགས་བྱས་ནས་འདུམ་འགྲིག་གྲོས་མཐུན་བཙན་ཤེད་ཀྱིས་ལག་བསྟར་བྱེད་པར་མཐུན་རྐྱེན་སྦྱོར་གྱི་ཡོད། བཙན་ཤེད་ཀྱིས་ལག་བསྟར་བྱེད་དགོས་པའི་གྱོད་གཞིར་ཁྲིམས་འཛིན་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་རིན་མེད་ཀྱི་ཁྲིམས་ལུགས་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་ལ། ལག་བསྟར་བྱ་ཡུལ་ལ་དངོས་གནས་ལག་བསྟར་བྱེད་ནུས་མེད་པའི་གྱོད་གཞིར་ཆེད་དོན་རོགས་སྐྱོབ་མ་དངུལ་སྤྱད་ནས་རེ་འདུན་ཞུ་མཁན་ལ་གནས་སྐབས་ཀྱི་རོགས་སྐྱོབ་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།
“འདུམ་འགྲིག་དང་། ངོས་བཟུང་། ལག་བསྟར། རོགས་སྐྱོབ་བཅས་ཟུང་དུ་འབྲེལ་བའི”འཁོར་འབྲེལ་ཧྲིལ་པོའི་འགན་སྲུང་ལམ་སྲོལ་བཙུགས་པ་བརྒྱུད། མང་ཚོགས་ཀྱིས“འདུམ་འགྲིག་ལ་ནུས་པ་ལྡན་པ་དང་གྲོས་མཐུན་ལ་འགན་སྲུང་ཡོད་པ”དངོས་གནས་ཚོར་ཐུབ་པ་བྱས་ཡོད།
སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་སྔར་བས་གལ་འགངས་ཆེ་བའི་ནུས་པ་འདོན་བཞིན་ཡོད། དེས་ཞིབ་ཚགས་པའི་ཞབས་ཞུ་དང་། རིག་ནུས་ཅན་གྱི་ཐབས་ཤེས། མི་གཤིས་ཅན་གྱི་འདུམ་འགྲིག་བཅས་ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་དང་བདེ་སྐྱིད་སྲུང་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།