ལོ་བརྒྱར་སླེབས་པའི་བགྲེས་སོང་རྡོ་རྗེ་རྒན་པས་བརྗོད་དོན།
“ད་ལྟ་ངའི་འདུན་པ་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་རྒྱུ་དེ་ཡིན”
ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་ལོ་104ལ་སླེབས་པའི་བགྲེས་སོང་རྡོ་རྗེ་རྒན་པས་སྒེའུ་ཁུང་འགྲམ་དུ་བསྡད་དེ་འདས་ཟིན་པའི་ལོ་ཟླར་མནོ་བསམ་གཏོང་བཞིན་ཡོད། བོད་གསར་རྙིང་གི་འགྱུར་ལྡོག་ཆེན་པོ་བདེན་དཔང་བྱས་པའི་བགྲེས་སོང་ཁོང་གིས“ད་ལྟ་ངའི་འདུན་པ་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་རྒྱུ་དེ་ཡིན”ཞེས་འདར་སིག་སིག་གིས་སྐད་གདངས་ལས་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་བརྟན་པོར་མངོན་ཞིང་། སྐད་ཆ་དེ་ལས་བགྲེས་སོང་ཁོང་གིས་ཏང་ལ་བཅངས་པའི་ཆེས་གཏིང་ཟབ་པའི་ཡིད་ཆེས་དང་ཡིད་སྨོན་མཚོན་གྱི་ཡོད།
1921ལོའི་ཟླ་5ཚེས་5ཉིན། རྡོ་རྗེ་རྒན་པ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་ཤང་གསེར་སྨད་གྲོང་ཚོར་སྐྱེས་པ་དང་། ཁོང་གི་བྱིས་དུས་ནི་བོད་རྙིང་པའི་སྡུག་བསྔལ་ཁྲོད་བསྐྱལ་ཞིང་། ཉིན་ལྟར་རྩམ་པ་གྲོད་པ་རྒྱགས་ཙམ་ལས་ཟ་རྒྱུ་མེད་ལ་དགུན་དུས་ཀྱང་གོས་ཧྲལ་ཧྲུལ་ཞིག་ལས་གྱོན་རྒྱུ་མེད། ཉིན་མོ་མི་གཞན་གྱི་ལུག་འཚོ་རོགས་བྱེད་དགོས་པ་དང་མཚན་མོ་གུ་དོག་ལ་གྲང་ངར་ཆེ་བའི་ས་ཁང་ཞིག་ཏུ་སྡོད་དགོས་ཀྱི་ཡོད། དཀའ་ཚེགས་ཆེ་བའི་ལོ་ཟླ་དེ་དག་ནི་ཁོང་གི་མི་ཚེ་གང་པོར་ཆེས་བརྗེད་ཐབས་བྲལ་བའི་དུས་ཤིག་ཆགས།
1950ལོར། ལས་དབང་ལ་འགྱུར་ལྡོག་བྱུང་ཞིང་། “སྲོག་རྩ”ཞེས་འབོད་པའི་མཚོ་བོད་གཞུང་ལམ་གྱི་ལས་གྲྭ་ཆེན་པོ་འཛམ་གླིང་ཡང་རྩེར་སྤེལ་བ་དང་། སྐབས་དེར་དར་མ་ཡིན་པའི་རྡོ་རྗེ་རྒན་པས་དམག་དམངས་ལས་གྲུབ་པའི་ལམ་སྐྲུན་དམག་དཔུང་ཆེན་པོ་དེའི་ནང་བློ་ཐག་ཆོད་པོས་ཞུགས་པ་རེད། གངས་འཁྱགས་ཀྱིས་བཀླུབས་ལ་གྲང་ངར་ཤིན་ཏུ་ཆེ་ལ་གསོ་རླུང་ཉུང་བའི་དམིགས་གསལ་ཁོར་ཡུག་དེ་འདྲའི་ཁྲོད། ཁོང་དང་བཅིངས་འགྲོལ་དམག་མིས་དཔུང་པ་མཉམ་གཤིབ་ཀྱིས་འབད་བརྩོན་བྱས་ཏེ་ལྕགས་ཁེམ་དང་འཇོར་ཁྱེར་ནས་ཁྲག་དང་རྔུལ་ཆུས་མཁའ་ལམ་དེ་བསྐྲུན་པ་རེད།
“བཅིངས་འགྲོལ་དམག་མི་དང་མཉམ་དུ་ལམ་བསྐྲུན་སྐབས། ངས་ཁོང་ཚོའི་ས་ནས་བླ་ན་མེད་པའི་གཤིས་རྒྱུད་མང་པོ་ཤེས་ནས་ཕན་པ་ཆེན་པོ་ཐོབ་བྱུང་ལ། ངའི་མི་ཚེའི་ལམ་བུ་ཡང་གསལ་སྟོན་བྱས་བྱུང”ཞེས་བགྲེས་སོང་གིས་ཕྱིར་དྲན་བྱེད་བཞིན་བཤད། བརྒྱུད་རིམ་དེས་ཁོང་གི་བློ་སྟོབས་ལ་ཞུན་བརྡར་བྱུང་བ་མ་ཟད། སེམས་ཁམས་སུ་དད་མོས་ཀྱི་ས་བོན་ཡང་བཏབ་ཡོད།
1951ལོའི་ཟླ་5ཚེས་23ཉིན་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། རྡོ་རྗེ་རྒན་པའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། “ལས་ཀ་བརྟན་པོ་ཡོད་ལ་ཡོང་འབབ་ཀྱང་བརྟན་པོ་ཡོད། སྐབས་དེ་དུས་ཟླ་རེར་གླ་ཆ་སྒོར་35ལེན་རྒྱུ་ཡོད་པས། ཟས་གོས་ཐད་འདང་ངེས་ཡོད། མ་ཟད་མི་དང་མིའི་དབར་ཚང་མ་འདྲ་མཉམ་རེད། སྲིད་གཞུང་སྡེ་ཚན་གྱིས་ང་ཚོ་ལམ་སྐྱོང་བཟོ་པར་སེམས་ཁུར་ཆེན་པོ་བྱས་ཏེ་དུས་ཆེན་སླེབས་རིམ་བཞིན་གྲོ་ཞིབ་དང་། མར། འབྲས། གྱོན་ཆས་སོགས་བསྐྱལ་ནས་ང་ཚོ་གཉེན་ཉེ་ལྟར་བརྩི་གི་འདུག”ཅེས་སེམས་འགུལ་ཐེབས་བཞིན་བཤད། དེ་ལྟར་རྡོ་རྗེ་རྒན་པས་དྲིན་ཚོར་དང་འགན་འཁྲིའི་བསམ་པ་དེ་ཁྱེར་ནས་ལམ་སྐྱོང་བཟོ་པའི་ལས་ལ་ལོ་40ཏག་ཏག་གཞོལ་བ་རེད།
མཚོ་བོད་གཞུང་ལམ་གྱི་ཁོར་ཡུག་ཧ་ཅང་དཀའ་ཚེགས་ཆེ་ཞིང་ལམ་ཐག་རིང་ལ་ས་བབ་མཐོ་བས། དགུན་དཔྱིད་ཀྱི་དུས་སུ་ལམ་ངོས་ལ་རྒྱུན་དུ་གངས་འཁྱགས་ཀྱིས་ཁེབས་ཀྱི་ཡོད། པན་ཀྲང་ཡིན་པའི་རྡོ་རྗེ་རྒན་པས་ལས་རོགས་ཚོའི་སྣེ་ཁྲིད་ནས་ཉིན་མཚན་དབྱེ་མེད་དུ་ཁ་བ་གཙང་སེལ་གྱིས་གཞུང་ལམ་ཤར་གཏོང་ཡོང་བར་འགན་ལེན་བྱེད་ཀྱི་ཡོད། གཞུང་ལམ་མྱུར་བཟོ་བྱེད་སྐབས། ཁོང་ཚོ་སྤྱི་ལེ་ཉི་ཤུ་ལྷག་ཙམ་རྐང་ཐང་དུ་བསྐྱོད་ནས་འདྲེད་འགོག་རྒྱུ་ཆ་དབོར་དགོས་པས་རྐང་མཐིལ་བརྡོལ་ནས་ཤ་རོ་མཐུག་པོ་ཆགས་པ་དང་། རྡོ་ཟགས་ཡོད་ན་ལག་པས་དབོར་བའམ་ཡང་ན་ཐོ་བ་ཆེན་པོས་གསིལ་གྱི་ཡོད་པ་རེད།
ལོ་ངོ་40ཡི་རིང་རྡོ་རྗེ་རྒན་པས་ལམ་སྐྱོང་པན་10ལྷག་ཙམ་ནང་ཞུགས་ཤིང་། ཕུལ་བྱུང་གི་པན་ཀྲང་ལ་ཐེངས་མང་བདམས་པ་དང་། ས་ཆ་གང་དུ་སླེབས་ཀྱང་བུམ་པ་གང་བྱོའི་ཚུལ་དུ་ཤེས་བྱ་བསླབས་པས་ལམ་སྐྱོང་འཇོན་ཐང་ཅན་མང་པོ་ཁྲིད་ཡོད་པ་རེད།
བོད་རྙིང་པ་བརྒྱུད་མྱོང་བ་དང་བདེན་དཔང་བ་ཡིན་པའི་རྡོ་རྗེ་རྒན་པ་མུན་ནག་གི་ལོ་ཟླ་དེ་ལ་ཞེ་འཁོན་ཟབ་མོ་ཡོད། གཉེན་སྒྲིག་བྱས་རྗེས་ཁོང་གིས་ཁྱིམ་སྲོལ་བཟང་པོར་བརྟེན་ནས་བུ་ཕྲུག་ལ་ཁྲིད་སྟོན་བྱས་ཤིང་། རྒྱུན་དུ་ཕྲུ་གུ་ཚོ་ཁྲིད་ནས་རྟེན་མཛོད་ཁང་ལ་ལྟ་སྐོར་དང“ལམ་གཉིས”ཀྱི་དྲན་གསོའི་རྡོ་རིང་ལ་གུས་མཇལ་ཞུས་ཏེ། ཁོང་ཚོར་ལམ་སྐྲུན་གྱི་གཏམ་རྒྱུད་དང་དེའི་ནང་འདུས་པའི་སྙིང་སྟོབས་བརྗོད་ཀྱི་ཡོད།
དུས་རབས་བརྒལ་བའི་བགྲེས་པོ་དེས་སྐད་གདངས་ཅུང་ཟད་འགགས་ཀྱང་ངར་ཤུགས་ལྡན་པའི་ངང“སྤྱི་ཚོགས་རིང་ལུགས་ཡག སྤྱི་ཚོགས་རིང་ལུགས་ཡག སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་མི་དམངས་ཐོབ་ཐང་མཐོ”ཞེས་པའི་གླུ་དབྱངས་དེ་བླངས་ཤིང་མྱོང་ཚོར་ཟབ་མོའི་སྒོ་ནས“བཅིངས་འགྲོལ་དམག་མི་ནི་ངའི་དྲིན་ཆེན་ཡིན། ཀྲུང་གོ་གུང་ཁྲན་ཏང་ནི་ངའི་དྲིན་ཆེན་ཡིན། གུང་ཁྲན་ཏང་མེད་ན་ད་ཆའི་བདེ་སྐྱིད་ཀྱི་འཚོ་བ་དེ་མེད་ལ། ད་ལྟའི་ཚེ་མཇུག་སྐྱིད་པོ་དེའང་མེད”ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།