བོད་ལྗོངས་ཀྱིས་2025ལོའི“གཉིས་འགུགས་གཉིས་འདྲེན”གྱི་འོས་སྦྱོར་ཚོགས་འདུ་འཚོགས་པ།
གན་འཇོག་དངུལ་འབོར་སྒོར་དུང་ཕྱུར་70.54ཟིན་ཞིང་ཡོན་ཧྲི་ཚོགས་པ་2དང་རིམ་པ་མཐོ་བའི་ཤེས་ལྡན་པའི་འཐུས་མི་16གདན་ཞུ་བྱས་པ།
ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་2025ལོའི“གཉིས་འགུགས་གཉིས་འདྲེན”གྱི་འོས་སྦྱོར་ཚོགས་འདུ་དང་གཅིག་སྡུད་ཐོག་མིང་རྟགས་འགོད་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད། གསར་འགོད་པས་ས་གནས་ས་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་བསྡོམས་རྣམ་གྲངས་47ལ་མིང་རྟགས་བཀོད་པར་ཁྱོན་དངུལ་འབོར་སྒོར་དུང་ཕྱུར་70.54ཟིན་ཡོད། ལིའུ་ཧན་ལུང་དང་ཁང་ཞང་ཐའོ་ཡོན་ཧྲི་ཚོགས་པ་གཉིས་དང་མཐོ་རིམ་ཤེས་ལྡན་པའི་འཐུས་མི་16དང་གན་རྒྱ་བཞག་པ་དེ་དག་ནུས་རྒྱུ་གཙང་མ་དང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས། ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུ། སློབ་གསོ། ས་མཐོའི་སྐྱེ་ཁམས། གསོ་རིག་སྨན་རྫས་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་རེད། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་དང་དེ་བཞིན་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་མ་འཇོག་སྐུལ་སྤེལ་སྡེ་ཚན་དང་བོད་ལྗོངས་དང་མཚོ་སྔོན་གྱི་བཟོ་ལས་གླིང་གིས་བོད་ཀྱི་མ་འཇོག་ལེགས་ཆ་དང་། མ་འཇོག་ཁ་ཕྱོགས། མ་འཇོག་ཁོར་ཡུག་བཅས་ལ་དམིགས་ཏེ་འོས་སྦྱོར་བྱས་པ་དང་། ལས་རིགས་ཁག་གི་སྐུ་མགྲོན་ལ་མཉམ་ལས་ཀྱི་གདན་ཞུ་བྱས་ནས་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་དུ་འཚོལ་ཞིབ་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དང་ཚོང་འགུགས་མ་འདྲེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“ལས་གྲྭ་ཨང་དང་པོར”བརྩིས་ནས་ཚོང་འགུགས་མ་འདྲེན་དང་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྒོ་དབྱེ་བསྟུན་མཁས་ཀྱི་བསམ་པའི་ཁྱེར་སོ་ཐོག་ནས་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁེ་ལས་དང་ཤེས་ལྡན་པ་བོད་དུ་མ་འཇོག་དང་བོད་དུ་བྱ་གཞག་གཏོད་རྒྱུར་དགའ་བསུ་ཞུ་གི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།