འདྲ་པར་གསར་རྙིང་ལས་མངོན་པའི་ཕ་ཡུལ་གྱི་འཕོ་འགྱུར།
འདི་ནི་1988ལོར་ངག་དབང་ཚུལ་ཁྲིམས་ཀྱི་ནང་མིས་ཟམ་ཞིག་ཤང་སྲིད་གཞུང་གི་རྒྱ་སྒོའི་མདུན་དུ་བརྒྱབ་པའི་མཉམ་པར་ཡིན་པ།
འདི་ནི་ཉེ་དུས་ངག་དབང་ཚུལ་ཁྲིམས་ཀྱིས་མནའ་མ་བསོད་ནམས་ལྷ་མོ་དང་ཚ་བོ་བློ་བཟང་འཇམ་དབྱངས་དང་མཉམ་དུ་རྫོང་སྲིད་གཞུང་གི་ཐོག་ཁང་མདུན་དུ་བརྒྱབ་པའི་པར་ཡིན་པ།
ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་བགྲེས་སོང་ངག་དབང་ཚུལ་ཁྲིམས་ཀྱི་ཁྱིམ་དུ་གསར་འགོད་པས་འདྲ་པར་རྙིང་པ་ཞིག་མཐོང་། བགྲེས་སོང་ཁོང་གིས་དེ་ནི་1988ལོར་ཁོང་དང་བཟའ་ཟླས་གཅེས་ཕྲུག་གཉིས་པང་དུ་ཉར་ནས་ཟམ་ཞིག་ཤང་སྲིད་གཞུང(ད་ཆ་ཟླ་སྒྲིལ་བཏང་བའི་ཁྲི་རྡོ་གྲོང་རྡལ་ཡིན་པ)གི་རྒྱ་སྒོའི་མདུན་དུ་བརྒྱབ་པའི་མཉམ་པར་ཞིག་ཡིན་ཞེས་ངོ་སྤྲོད་བྱས།
“རང་ཉིད་ཚེ་གང་ཕ་ཡུལ་གྱི་ས་གཞི་གཤིན་པོ་འདིར་ལེགས་སྐྱེས་འབུལ་རྒྱུ་བྱུང་བར་སྤོབས་པ་སྐྱེ་ཡི་འདུག་ལ། རང་ངོ་མས་ཕ་ཡུལ་གྱི་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་ལ་བདེན་དཔང་ཐུབ་པར་དགའ་ཚོར་ཆེན་པོ་ཡང་སྐྱེ་ཡི་འདུག”ཅེས་བགྲེས་སོང་ངག་དབང་ཚུལ་ཁྲིམས་ཀྱིས་སེམས་འགུལ་ཆེན་པོས་བཤད། སྟེང་ཆེན་གྱི་འགྱུར་ལྡོག་སྐོར་གླེང་སྐབས། ཁོང་གིས“དེ་ནི་དངོས་འབྲེལ་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་ཞིག་རེད། སྐབས་དེ་དུས་ང་རང་རྫོང་སྲིད་གཞུང་གི་སྒོ་རའི་ནང་ལས་ཀ་བྱེད་ཀྱིན་ཡོད་པ་དང་སྡོད་ས་ས་ཕག་ཁང་པ་ཡིན། ཆབ་མདོ་གྲོང་ཁུལ་ནས་སྟེང་ཆེན་རྫོང་བར་ཉུང་མཐར་ཡང་ཉིན་ཁ་ཤས་སྐྱོད་དགོས་པ་མ་ཟད། རྫོང་གྲོང་དུ་ཆན་ཝ་75ཡི་གློག་ཁང་ཆུང་ཆུང་གཅིག་རང་ལས་མེད་པས་འཚོ་བའི་ཁོར་ཡུག་དང་ཆ་རྐྱེན་དངོས་འབྲེལ་སྐྱོ་པོ་རེད”ཅེས་བཤད་པ་དང་། དཀའ་ཚེགས་ཆེ་བའི་ལོ་ཟླ་དེ་་དུང་ཡང་ཁོང་གིས་གསལ་བོར་དྲན།
འདི་ལོ་ལོ་65ལ་སླེབས་པའི་ངག་དབང་ཚུལ་ཁྲིམས་ཀྱིས་ཚེ་གང་སྟེང་ཆེན་རྫོང་གི་ཤང་དང་གྲོང་རྡལ་ཁག་ཏུ་ལས་ཀ་བྱས་ཤིང་། དང་ཐོག་ཁོང་རྫོང་འབྲུ་རིགས་ཅུས་ཀྱི་གླ་པ་བྱེད་མྱོང་བ་དང་། རྒན་ཡོལ་ཞུ་སྐབས་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡིན། ཁོང་གིས་རང་ཉིད་ཀྱི་ལང་ཚོ་དང་ཁྲག་དྲོན་ས་གཞི་འདིར་ལེགས་སྐྱེས་ཕུལ་ཡོད། ད་ཆ་ཁོང་གིས་བུ་ཚ་ནང་མི་10དང་བཅས་དེ་གར་དགའ་སྤྲོའི་ངང་འཚོ་བར་རོལ་བཞིན་མཆིས།
དུས་ཀྱི་འཁོར་ལོ་བར་མེད་དུ་འཁོར་ཞིང་། ཉེ་ཆར་གསར་དུ་བསྐྲུན་པའི་སྟེང་ཆེན་རྫོང་སྲིད་གཞུང་གི་ཐོག་ཁང་མདུན་དུ་ང་ཚོས་ཕ་ཡུལ་གྱི་འཕོ་འགྱུར་ཆེན་པོར་བདེན་དཔང་བྱེད་མཁན་བགྲེས་སོང་ཁོང་གདན་དྲངས་ནས་འདྲ་པར་གསར་པ་ཞིག་བརྒྱབ་པ་ཡིན། ཁོང་གི་བཟའ་ཟླར་ཆམ་པ་ཕོག་ནས་འདྲ་པར་རྒྱག་ཐུབ་མེད་པ་དང་ཕྲུ་གུ་ཚོ་ཡང་གྲོང་ཁྱེར་ནང་ལས་ཀ་བྱས་ནས་ཚུར་ཡོང་ཐུབ་མེད་རུང་། རྫོང་སྤྱི་བདེ་ཅུས་སུ་ལས་ཀ་བྱེད་བཞིན་པའི་མནའ་མ་བསོད་ནམས་ལྷ་མོས་ཉེན་རྟོག་པའི་ལྭ་བ་གོན་པ་དང་གྲུང་ཤ་དོད་པའི་ཚ་བོ་ཁྲིད་དེ་མཉམ་དུ་འདྲ་པར་རྒྱག་པར་ཡོང་། པར་ཆས་ནང་ངག་དབང་ཚུལ་ཁྲིམས་ཀྱི་བྲག་ཁོག་མདུན་དུ་བཏགས་པའི་ཏང་རྟགས་ལྷག་ཏུ་བཀྲག་མདངས་ཆེ་བ་དང་ཁོང་གི་ལོ་ཟླའི་ཁུར་གྱིས་དེད་པའི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་ངང་གིས་འཕྱུར།
ད་ཆ་ཡངས་ཤིང་ཁོད་སྙོམས་པའི་གཞུང་ལམ་བཏིངས་པས་གྲོང་ཁུལ་ནས་རྫོང་ཁུལ་བར་གྱི་ལམ་ཐག་ཆུ་ཚོད་4བར་ཐུང་དུ་ཕྱིན་པ་དང་། གློག་ཤུགས་འདང་ངེས་ཡོད་པས་ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་བརྟན་པོ་མཁོ་འདོན་ཐུབ་ལ། དྭངས་གཙང་གི་རང་འབབ་ཆུ་ཀ་ལ་གྲོང་ཚོ་ཚང་མར་ཁྲིད་ཡོད། རྫོང་དེའི་ཤང་དང་གྲོང་རྡལ་ཚང་མར་སློབ་གྲྭ་70ལྷག་ཙམ་ཡོད་པས་རི་ཀླུང་གང་ས་ནས་དཔེ་ཀློག་གི་སྒྲ་ལྷང་ལྷང་དུ་གྲགས་པ་དང་། ལྷག་དོན་དུ་མི་རྣམས་སེམས་འགུལ་ཐེབས་འོས་པ་ཞིག་ལ་སྟེང་ཆེན་རྫོང་དེ་བོད་རང་སྐྱོང་ལྗོངས་ཀྱི་རྫོང་ཡོངས་སུ་གཅིག་སྡུད་དྲོད་གཏོང་མངོན་འགྱུར་ཐུབ་པའི་རྫོང་གྲོང་ཐོག་མར་གྱུར་ནས་ས་མཐོར་དགུན་དུས་འཁྱོལ་དཀའ་བའི་ལོ་རྒྱུས་མཇུག་འགྲིལ་ཡོད།
འབྲེལ་ཡོད་གསར་འགྱུར།