དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་སྒྲིག་ཨུད་གཞུང་དོན་ཐིང་གིས།

    《རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་དང“སྤྱོད་ཚུལ་བཞི”ཡོ་བསྲང་ནན་པོ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-30

    རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་འཆར་ཉེའི་མཚམས་སུ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་ཆེད། ཉིན་ཤས་གོང་། ཀྲུང་དབྱང་སྒྲིག་ཨུད་གཞུང་དོན་ཐིང་གིས《རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་དང“སྤྱོད་ཚུལ་བཞི”ཡོ་བསྲང་ནན་པོ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས“སྤྱོད་ཚུལ་བཞི”བསྐྱར་ལོག་མི་ཐེབས་པ་མཐའ་གཅིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    《བརྡ་ཐོའི》ནང་ནན་བཤད་བྱས་དོན། བྱེད་པོའི་འགན་འཁྲི་ནན་དུ་བཏང་སྟེ། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ཏང་ཀྲུང་དབྱང་གི་ཁ་དན་ཚིག་གནས་ཀྱི་བྱ་སྤྱོད་ཅིག་ཡིན་པ་ངོས་འཛིན་གཏིང་ཟབ་ཐུབ་པར་སྐུལ་འདེད་གཏོང་བ་དང་། མཚམས་ཚིགས་བརྟན་སྲུང་དང་ཕྱིར་བཤོལ་གཏན་ནས་མི་བྱེད་པར་སློབ་སྦྱོང་སློབ་གསོ་མཇུག་འགྲིལ་བ་དེ“མཚམས་འཇོག”ལ་བརྩི་བ་སོགས་ཀྱི་ནོར་འཁྲུལ་བསམ་བློ་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་ལ་ལྷོད་གཡེང་སྤུ་ཙམ་མི་གཏོང་བར་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ“འགོ་གཙོ་དང་པོས”རང་གཅུན་ནན་པོ་དང་། འགན་འཁྲི་ནན་འཁུར། ཁོངས་གཏོཌ་ཁུལ་དོ་དམ་ནན་པོ་བཅས་བྱེད་པར་སྐུལ་འདེད་གཏོང་བ་དང་། སྣེ་ཁྲིད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་ནས། ན་གཞོན་ལས་བྱེད་པ་དང་། གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ། འགག་རྩའི་ལས་གནས་ཐོག་གི་ལས་བྱེད་པ་བཅས་ལ་སློབ་གསོ་དང་དྲན་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། བསམ་བློ་ལྷོད་གཡེང་དང་བྱ་སྤྱོད་ཚད་དང་མི་མཐུན་པ་སྔོན་འགོག་བྱེད་དགོས།

    《བརྡ་ཐོའི》ནང་བླང་བྱ་བཏོན་དོན། དུས་ཆེན་རིང་ཐོན་སླ་བ་དང་ཐོན་མང་བའི་གནད་དོན་ལ་དམ་པོར་དམིགས་ཏེ། ཟླ་མཆོད་བག་ལེབ་དང་། གཱ་དང་དངུལ་ཚབ་འཛིན་ཤོག ཐ་མག ཨ་རག ཇ་ལོ་སོགས་ལག་རྟགས་དང་འབུལ་རྟེན་སྒྲིག་སྲོལ་ལས་འགལ་ནས་སྤྲོད་ལེན་བྱེད་པ་དང་། གྲོང་མིའི་ཁུལ་ཆུང་དང་། ནང་ཁུལ་གྱི་ཟ་ཁང་། སྒེར་གྱི་སྤྲོ་ཁང་སོཌ་སུ་སྒྲིག་སྲོལ་ལས་འགལ་ནས་ཟ་འཐུང་བྱེད་པ། ཕོགས་སྣོན་ཁ་གསབ་སྒྲིག་སྲོལ་ལས་འགལ་ནས་སྤྲོད་པ། གཉེན་སྒྲིག་དང་འདས་འཇུག་སྒྲིག་སྲོལ་ལས་འགལ་ནས་གཉེར་བ། གཞུང་འཁོར་སྒེར་སྤྱོད་བྱེད་པ། གཞུང་དོན་དྲང་གཞག་བསྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་ཡུལ་སྐོར་དང་རོལ་རྩེད་བྱེད་སྒོ་བཀོད་སྒྲིག་སོགས་ཀྱི་གནད་དོན་རིགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་། གཉེར་སྐྱོང་བྱེད་པོ་དང་མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་ཐོན་སྐྱེད་དང་འཚོ་བར་ཞབས་འདེགས་འགན་ལེན་ཐད་དགོས་པའི་ལས་མི་བྱེད་པར་མི་དགོས་པའི་ལས་རྙོག་བཟོ་བ་སོགས་ཀྱི་སྣང་ཚུལ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས།

    《བརྡ་ཐོའི》ནང་ནན་བཤད་བྱས་དོན། སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་ནན་པོ་བྱེད་པ་དང་ད་ལྟའི་སྤྱོད་ཚུལ་ལ་དམ་འཛིན་དང་དཔེ་མཚོན་ལ་དམ་འཛིན་མཐའ་འཁྱོངས་བྱས་ཏེ། མངོན་མེད་ཐབས་སྒྱུར་གྱི་སྣང་ཚུལ་སྔོག་འདོན་དང་ཞིབ་བཤེར་ཞིབ་ཚགས་བྱེད་པ་དང་། ཡ་མེད་སྒྲིག་འགལ་གྱི་གནད་དོན་ལ་འཕྲལ་དུ་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱེད་པ། རྫུན་ཞུ་དང་སྦ་གསང་བྱས་ནས་སྙན་སེང་མི་ཞུ་བའི་བྱེད་སྤྱོད་ཐག་གཅོད་ནན་པོ་བཅས་བྱེད་དགོས་པ་དང་། མཇུག་འབྲས་ཚབས་ཆེན་བཟོས་རིགས་ལ་ཐད་ཀའི་འགན་འཁྲི་བདའ་འདེད་གཏོང་རྒྱུ་མ་ཟད། འགོ་ཁྲིད་ཀྱི་འགན་འཁྲི་ཡང་བདའ་འདེད་བཏང་སྟེ། དམ་བསྒྲགས་ཀྱི་ཆད་གཅོད་རྣམ་པ་མཐའ་འཁྱོངས་བྱེད་དགོས། འགན་འཛོལ་བྱུང་ཚེ་ངེས་པར་དུ་འགན་འཁྲི་འདྲི་བ་དང་འགན་འཁྲི་ནན་པོ་འདྲི་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་ཐད་ལྷོད་གཡེང་དུ་གཏོང་བ་དང་། “སྤྱོད་ཚུལ་བཞིའི”གནད་དོན་མངོན་གསལ་དོད་པའི་ས་ཁུལ་དང་སྡེ་ཚན་གྱི་ཏང་རྩ་འཛུཌ་དང་འགོ་ཁྲིད་ལས་བྱེད་པར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་དང་དམར་འདོན་བྱེད་ཤུགས་ཆེ་རུ་བཏང་ནས་ཉེན་བརྡ་དང་ཟིལ་གྱིས་གནོན་ཤུགས་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།