དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མིའི་རིགས་ཧྲིལ་པོའི་ཐུན་མོང་གི་རིན་ཐང་བློ་བརྟན་འགྱུར་མེད་ངང་དར་སྤེལ་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2025-09-30

    ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་མདུན་ལམ་སེམས་སུ་འཆང་བ་དང་མི་དམངས་ཀྱི་བདེ་རྩ་བཅངས་ཏེ་ཕྱོགས་ཁག་དང་མཉམ་དུ་མིའི་རིགས་ཧྲིལ་པོའི་ཐུན་མོང་གི་རིན་ཐང་བློ་བརྟན་འགྱུར་མེད་ངང་དར་སྤེལ་གཏོང་བ་དང་། ཐུན་མོང་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་བླ་ན་མེད་པའི་དམིགས་ཚད་ཕྱོགས་སུ་དཔའ་སྐྱེད་མདུན་སྐྱོད་བྱེད་ཀྱི་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་བརྒྱད་ཅུ་པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཉིའུ་གཡོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འཚོག་བཞིན་ཡོད། སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས“ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་པ་སྟེ། ཞི་བདེ་དང་། འཕེལ་རྒྱས། འགྲོ་བ་མིའི་ཐོབ་ཐང་བཅས་ལ་སྐུལ་འདེད་བཏང་ནས་ལོ་ངོ་བརྒྱད་ཅུ་སོང་རིང་སྔ་འཛིན་ཕྱི་གཏོད་ཀྱིས་སླར་ཡང་ལེའུ་གསར་རྩོམ་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་80འཁོར་བའི་ལོ་རྒྱུས་ཀྱི་དུས་མཚམས་སུ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་བདེའི་འཕེལ་རྒྱས་ལ་རེ་སྒུག་ནན་པོ་བྱེད་པ་དང་། དྲང་གཞག་དྲང་བདེན་གྱི་འབོད་སྒྲ་དྲག་པོ་སྒྲོག་པ། དམངས་གཙོ་རང་དབང་ལ་རེ་སྙེག་བརྟན་པོ་བྱེད་པ་བཅས་སླར་ཡང་མངོན་གསལ་དོད་པོས་མངོན་ཡོད།

    “ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་ནི་མིའི་རིགས་ཧྲིལ་པོའི་ཐུན་མོང་གི་རིན་ཐང་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བླ་ན་མེད་པའི་དམིགས་ཚད་ཀྱང་རེད” 2015ལོའི་ཟླ་9ཚེས་28ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་བདུན་ཅུ་པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས་མིའི་རིགས་ཧྲིལ་པོའི་ཐུན་མོང་གི་རིན་ཐང་ཐོག་མར་བཏོན་པ་དང་འབྲེལ་དེའི་གཞི་རྩའི་ནང་དོན་ལ་འགྲེལ་བཤད་ཀྱང་བསྐྱོན་པ་རེད། དེ་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཧྲིལ་པོའི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་དགོས་ཞེས་ནན་བཤད་ཐེངས་མང་གནང་བ་མ་ཟད། མིའི་རིགས་ཧྲིལ་པོའི་ཐུན་མོང་གི་རིན་ཐང་ལ་དམིགས་ནས་འདུ་ཤེས་གསར་པ་དང་དགོངས་ཚུལ་གསར་པ་རབ་དང་རིམ་པའང་བཏོན་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་དང་མིའི་རིགས་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུར་དགོངས་པའི་ཁྲིད་སྟོན་ཆེན་པོ་མཁོ་འདོན་གནང་ཡོད། ལོ་10ཡི་རིང་། ཀྲུང་གོ་ལས་བྱུང་བའི་འདུ་ཤེས་གལ་ཆེན་འདིས་རྒྱལ་མཚམས་ལས་བརྒལ་བ་དང་མི་མཐུན་པའི་ཕྱོགས་ལས་འདས་པའི་བློ་སེམས་འགུག་ཤུགས་སྟོབས་ཆེན་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་པའི་རིན་ཐང་འདུ་ཤེས་ཀྱི་མཐུན་ཆ་ཆེ་ཤོས་གཅིག་ཏུ་བསྒྲིལ་ཡོད།

    རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཞོགས་འདེགས་རྒྱ་ཁྱབ་བྱེད་པ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པའི་བར། མིའི་རིགས་ཧྲིལ་པོའི་ཐུན་མོང་གི་རིན་ཐང་གི་རྒྱལ་སྤྱིའི་བློ་སེམས་འགུག་ཤུགས་དང་ཤུགས་རྐྱེན་ནི་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད། “གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཇི་ལྟར་རྙོག་འཛིང་ཆེ་ན། དེ་ཙམ་གྱིས་ཇུས་ཤུགས་མཉམ་དུ་འདོན་དགོས”དང་། “འཛམ་གླིང་ཞི་བདེ་མངོན་འགྱུར་བྱེད་འདོད་ན། རྒྱལ་ཁབ་ཁག་གིས་ངེས་པར་དུ་མཐུན་སྒྲིལ་མཉམ་ལས་དང་། ཕན་ཚུན་བསམ་ཤེས། ཕན་ཚུན་བརྩི་འཇོག་བཅས་བྱེད་དགོས”“མཛའ་གྲོགས་དང་བསམ་ཤེས་ཟབ་ཏུ་བཏང་ན། གཞི་ནས་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་མངོན་འགྱུར་ཐུབ”ཅེས་པ་སོགས་ཞི་བདེ་དང་འཕེལ་རྒྱས་ནི་གདོང་ཐུག་དང་འགྲན་རྒོལ་གཏོར་བ་དང་བདེ་འཇགས་ཀྱི་དཀའ་གནད་ལས་ཐར་ཐབས་བྱེད་པའི་ལམ་བུ་ཉག་གཅིག་ཡིན་པ་དང་། དྲང་གཞག་དྲང་བདེན་ནི་འཕེལ་རྒྱས་ཀྱི་འགལ་རྐྱེན་ཆེན་པོ་སེལ་བ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་པ། དམངས་གཙོ་དང་རང་དབང་ནི་ཤེས་དཔལ་ཕན་ཚུན་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་འདྲ་མཉམ་འཕེལ་རྒྱས་འགན་སྲུང་བྱེད་པའི་རིན་ཐང་གི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་བཅས་རྒྱལ་སྤྱིའི་མི་སྣ་སྔར་ལས་མང་བས་ངོས་འཛིན་ཐུབ་ཡོད། མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་ཡང་དག་པའི་རིན་ཐང་གི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ན། གཞི་ནས་མཉམ་ལས་གཉིས་ཕན་དང་མཉམ་གནས་མཉམ་དར་གྱི་འོད་ཟེར་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་པ་དོན་དངོས་ལས་ར་འཕྲོད་ཡོད།

    ཀྲུང་གོ་ནི་བློ་བརྟན་འགྱུར་མེད་ངང་མིའི་རིགས་ཧྲིལ་པོའི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་མཁན་ཞིག་ཡིན་ལ། ལག་ལེན་ཧུར་ཐག་བྱེད་མཁན་ཞིག་ཀྱང་རེད། མིའི་རིགས་ཧྲིལ་པོའི་ཐུན་མོང་གི་རིན་ཐང་ལས་ཀྲུང་གོ་གུང་ཁྲན་ཏང་གིས་གནམ་འོག་སེམས་སུ་འཆང་བའི་འཛམ་གླིང་གི་བློ་རྒྱ་མཚོན་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་བཏོན་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་དང་། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྐུལ་འདེད་གཏོང་བ། སྣ་མང་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྔར་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་སོགས་ཀྲུང་གོའི་འདོད་ཚུལ་རེ་རེ་དང་དངོས་སྒྲུབ་བྱ་སྤྱོད་རེ་རེ་ལས་ཀྲུང་ཧྭའི་ཤེས་དཔལ་གྱིས་གནམ་འོག་ཀུན་ལ་ཕན་པ་འདོགས་པའི་བློ་གྲོས་ཀྱི་སྟོབས་ཤུགས་མངོན་པ་དང་། འགན་འཁྲི་འཁུར་མཁན་རྒྱལ་ཁབ་ཆེན་པོས་འཛམ་གླིང་སེམས་སུ་འཆང་བའི་འགན་འཁྲི་དང་ཐེག་པ་ཁུར་ལེན་མངོན་པ། མིའི་རིགས་ཧྲིལ་པོའི་ཐུན་མོང་གི་རིན་ཐང་གི་འོད་སྟོང་འཕྲོ་བའི་མདུན་ལམ་གསལ་སྟོན་བཅས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།