མཚོ་སྔོན་མཚོ་བྱང་ཀྲོའུ་ཡི་ཞིང་ལས་ཐོན་རྫས་22རྒྱལ་ཡོངས་ཀྱི་སྤུས་རྟགས་དང་ཁྱད་ལྡན་གསར་དར་གྱི་མིང་གཞུང་ནང་ཚུད་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་9ཚེས་24ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཞིང་འབྲོག་དང་ཚན་རྩལ་ཅུས་ནས་གཏམ་བཟང་གྲགས་པར། ཞིང་ལས་གྲོང་གསེབ་པུའི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟེ་གནས་ཀྱིས་2025ལོའི་རྒྱལ་ཡོངས་ཀྱི་སྤུས་རྟགས་དང་། ཁྱད་ལྡན། གསར་དར་གྱི་ཞིང་ལས་ཐོན་རྫས་ཀྱི་མིང་གཞུང་ཁག་གཉིས་པ་ཁྱབ་བསྒྲགས་བྱས་པ་དང་། མཚོ་བྱང་ཀྲོའུ་ཡིས་རེ་ཞུ་བྱས་པའི་ཞིང་ལས་ཐོན་རྫས་22ཚང་མ་བདམས་ཐོན་བྱུང་ཞིང་། མཚོ་སྔོན་ཞིང་ཆེན་གྱི་ད་ཐེངས་བདམས་ཐོན་བྱུང་བའི་སྤྱིའི་བསྡོམས་འབོར(29)གྱི་75.9%ཟིན་ཡོད།
ད་ཐེངས་བདམས་ཐོན་བྱུང་བའི་ཐོན་རྫས་ཁྱབ་རྒྱ་ཆེ་ཞིང་ཁྱད་ཆོས་མངོན་གསལ་དོད་པ་དང་། དེའི་ནང་བོད་ལུག་དང་། འབྲི་གཡག ནས། པད་ཁ་སོགས་མཚོ་བྱང་ཀྲོའུ་ཡི་གཙོ་ཁྲིད་ཐོན་ལས་ལྔ་ཚུད་པ་མ་ཟད། གྲོ་མ་དང་། སྤེན་མ་ནག་པོ། ཤྭ་བ་སེར་ཆེན་སོགས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱང་ཚུད་ཡོད། རེ་ཞུའི་ལས་དོན་ལ་མཚོ་བྱང་ཀྲོའུ་ཡི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དབྱེ་ཞིབ་རྣམ་གྲངས་ཀྱིས་འདེགས་སྐྱོར་བྱས་པ་དང་། “5+8+N”ཡི་ཁྱད་ལྡན་ཐོན་ལས་མ་ལག་འཛུགས་སྐྱོང་བྱ་རྒྱུ་དེ་དམ་འཛིན་བྱ་གཞི་གཙོ་བོར་བྱས་ཏེ། མཚོ་བྱང་ཀྲོའུ་ཞིང་འབྲོག་དང་ཚན་རྩལ་ཅུས་ཀྱིས་སྣེ་ཁྲིད་ནས་སྐུལ་འདེད་བཏང་ཡོད། ལས་དོན་ཚོགས་པས་ཞིང་ནང་དང་མུ་ཁ་དང་གསོ་སྤེལ་རྟེན་གཞིར་སྐྱོད་ནས་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་ཏེ“སྤུས་ཚད་སྔོན་ལ་འཇོག་པ་དང་ཁྱད་ལྡན་གཙོ་བོར་འཛིན་པའི”རྩ་དོན་བརྩི་སྲུང་བྱས་ནས་ཐོན་རྫས་འདེམས་པ་དང་ཆབས་ཅིག བྲོ་བ་མྱངས་ནས་དཔྱད་དཔོག་དང་། དམིགས་བསལ་གྲུབ་ཆ་ཚད་འཇལ་གཏན་འཁེལ། འཚོ་བཅུད་དམིགས་ཚད་ཞིབ་དཔྱད་ཚད་ལེན་སོགས་བྱས་ཏེ་གྲངས་གཞིར་བརྟེན་ནས་ས་མཐོའི་ཐོན་དངོས་ཀྱི་རིན་ཐང་ཚད་འབེབས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།