2024ལོར་ལྗོངས་ཡོངས་ཀྱི་སྦྲག་སྲིད་ལས་རིགས་ཀྱི་བསྐུར་སྐྱེལ་ལས་སྒོའི་སྤྱི་འབོར་དུང་ཕྱུར་2.03ལས་བརྒལ་བ།
ཉིན་ཤས་གོང་། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བའི་ལྗོངས་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་འཕེལ་རྒྱས་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2024ལོར་ལྗོངས་ཡོངས་ཀྱི་སྦྲག་སྲིད་ལས་རིགས་ཀྱི་བསྐུར་སྐྱེལ་ལས་སྒོའི་སྤྱི་འབོར་དུང་ཕྱུར་2.03ལས་བརྒལ་ཡོད།
རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཞབས་ཞུའི་དྲ་རྒྱ་དང་། ལས་སྒོའི་གཞི་ཁྱོན། བསྐུར་སྐྱེལ་ལས་དོན་བཅས“ནུས་ཆེའི་ཐད་འབྱོར”བྱུང་བ་དང་། ལས་རིགས་འཕེལ་རྒྱས“ལྗང་མདོག་ཅན”མངོན་འགྱུར་བྱུང་བ། ལས་ཞུགས་མི་སྣའི་ཁེ་དབང་འགན་སྲུང་སོགས་ནས་ལོ་60རིང་གི་བོད་ཀྱི་སྦྲག་སྲིད་བསྐུར་སྐྱེལ་ལས་སྒོ་འཕེལ་རྒྱས་བྱུང་ཚུལ་ངོ་སྤྲོད་བྱས་ཡོད།
གསར་འགོད་པར་ཤེས་རྟོགས་བྱུང་བར། ད་ཆ་ལྗོངས་ཡོངས་སུ་སྤྱིར་བཏང་ཞབས་ཞུའི་དྲ་ཚིགས་756དང་གྲོང་ཚོའི་སྦྲག་སྲིད་ས་ཚིགས་4646བཙུགས་ནས“གྲོང་ཚོ་ཚང་མར་སྦྲག་སྲིད་ཐད་འབྱོར”ཐུབ་ཡོད། དེ་དང་ཆབས་ཅིག“མྱུར་སྐྱེལ་གྲོང་སྤེལ”ལས་གྲྭ་དམ་འཛིན་བྱ་གཞིར་བྱས་ཏེ་སྦྲག་སྲིད་དང་། འགྲིམ་འགྲུལ། དྲ་ཐོག་ཚོང་དོན་སོགས་ཁྱབ་ཁོངས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། བཟོ་ལས་ཐོན་རྫས་གྲོང་གསེབ་དང་གྲོང་ཚོར་འབྱོར་བ་དང་ཞིང་ཞོར་ཐོན་རྫས་གྲོང་ཚོ་ནས་གྲོང་ཁྱེར་དུ་འཚོང་བའི་ཐབས་ལམ་ཤར་གཏོང་ཐུབ་ནས། དྲ་ཉོའི་དངོས་རྫས་དེ་བཟའ་བཏུང་དང་། གྱོན་ཆས། སྡོད་ཁང་། འགྲིམ་འགྲུལ་སོགས་ཕྱོགས་མང་པོར་ཁྱབ་ཡོད།
ལས་ཞུགས་མི་སྣའི་ཁེ་དབང་འགན་སྲུང་བྱ་ཆེད། 2019ལོའི་ཚུན་དུ་བོད་ལྗོངས་སྦྲག་སྲིད་དོ་དམ་སྡེ་ཚན་གྱིས་མྱུར་སྐྱེལ་བའི་ཁེ་དབང་འགན་སྲུང་བྱེད་པ་དེ“དམངས་འཚོའི་འདུ་འགོད”དུ་བཅུག་ནས་བྱ་ཐབས་མང་པོ་བཏོན་ཏེ། མྱུར་སྐྱེལ་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཡོད། མིག་སྔར། ལྗོངས་ཡོངས་སུ་མྱུར་སྐྱེལ་དྲོ་སྐྱིད་ས་ཚིགས་122བསྐྲུན་པར་ངལ་གསོའི་རྐུབ་སྟེགས་དང་། གློག་གསོག་སྒྲིག་ཆས། མྱུར་སྐྱོབ་སྨན་རྫས་སོགས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།