དབུ་ཤོག
  • བོད་སྐད་ཡིག་གི་མི་ཐབས་རིག་ནུས་APP“གཏེར་ཚང”ཞེས་པ་འདོན་གྲབས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2025-09-29

    ཉིན་ཤས་གོང་། ཧང་ཀྲོའུ་རུ་གཉེར་བའི་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་བཞི་པའི་ཐོག་བོད་ལྗོངས་མཆོག་ནོར་གྲངས་འཛིན་ཐོན་ལས་དོ་དམ་ཚད་ཡོད་ཀུང་སིས་རང་ལྗོངས་ཀྱི་བོད་སྐད་ཡིག་གི་མི་ཐབས་རིག་ནུས་APPདང་པོ་སྟེ“གཏེར་ཚང”ཞེས་པ་འགྲེམས་སྟོན་བྱས་པ་རེད། ཆེད་མངགས་སྐད་རིགས་མང་པོའི་བར་ལ་འབྲེལ་འདྲིས་བྱ་བར་བྱེད་པའི་AIཉེར་སྤྱོད་འདིར་རྒྱ་སྐད་དང་། དབྱིན་སྐད། བོད་སྐད(དབུས་གཙང་གི་སྐད་དང་། ཁམས་སྐད། ཨམ་སྐད་བཅས་ཡུལ་སྐད་ཆེན་པོ་གསུམ་ཡོད་པ)བཅས་འདུས་ཡོད་པ་དེ་ཐོག་ནས་རང་ལྗོངས་ཀྱི་གྲངས་འཛིན་དཔལ་འབྱོར་དང་མི་ཐབས་རིག་ནུས་ལག་རྩལ་མཉམ་འདྲེས་གཏིང་ཟབ་ཡོང་བར་ཚད་བརྒལ་ཆེན་པོ་བྱུང་ཡོད་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་ལག་རྩལ་གྱི་ཐབས་ལམ་གསར་པ་ཞིག་བཏོན་པ་མཚོན་གྱི་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “གཏེར་ཚང”ནི་བོད་སྐད་ཡིག་སྤྱོད་མཁན་ལ་ཆེད་མངགས་བཟོས་པའི་AIཡི་ལས་རོགས་ཤིག་ཡིན་ཞིང་། དེས་ཚིག་དོན་ལ་དབྱེ་ཞིབ་དང་། རྩིས་རྒྱག་རིགས་འདེད། སྐད་ཆ་འདྲི་ཆོག་པ། རྩོམ་ཡིག་འབྲི་བ་སོགས་བྱེད་ཐུབ་ཅིང་། དམིགས་ཡུལ་ནི་AIལག་རྩལ་ལ་བརྟེན་ནས་བེད་སྤྱོད་བྱེད་མཁན་ལ་རིག་ནུས་ཅན་དང་སྟབས་བདེ་ཅན་གྱི་ཞབས་འདེགས་ཞུ་བ་དང་ཆབས་ཅིག རྒྱ་སྐད་དང་དབྱིན་སྐད་སྤྱོད་མཁན་ཚོར་བོད་སྐད་ཡིག་གི་ཤེས་བྱ་དང་རིག་གནས་ཤེས་རྟོགས་ཐུབ་པར་རམ་འདེགས་བྱེད་ཐུབ་ཀྱི་ཡོད།

    བོད་ལྗོངས་མཆོག་ནོར་གྲངས་འཛིན་ཐོན་ལས་དོ་དམ་ཚད་ཡོད་ཀུང་སིའི་ཐོན་རྫས་ཅིང་ལི་ཝང་ཕུང་གིས། “གཏེར་ཚང”ཞིབ་འཇུག་གསར་སྤེལ་བྱེད་པའི་ཐོག་མའི་ཀུན་སློང་ནི་རིག་ནུས་ལག་རྩལ་ལ་བརྟེན་ནས་བོད་སྐད་ཡིག་གི་རིག་གནས་སྲུང་སྐྱོང་དང་ཁྱབ་གདལ་གཏོང་བ་དང་ཆབས་ཅིག བོད་ཀྱི་གྲངས་འཛིན་དཔལ་འབྱོར་དེ་གོ་ལ་ཧྲིལ་པོའི་གོམ་སྟབས་དང་གཅིག་མཚུངས་ཡོང་བར་རམ་འདེགས་བྱེད་པའི་ཆེད་དུ་ཡིན་ཞེས་ངོ་སྤྲོད་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར“གཏེར་ཚང”ལ“DeepSeek”ཡི་ལག་རྩལ་གྱི་མ་ལག་སྦྲེལ་ཡོད་པས། ཕན་ཚུན་བསྟུན་ཐུབ་པ་དང་རྒྱ་སྐྱེད་ཐུབ་པའི་ཁྱད་ཆོས་ལེགས་པོ་མངོན་གྱི་ཡོད།

    མིག་སྔར། “གཏེར་ཚང”APPའཐུས་སྒོ་ཚང་དུ་གཏོང་བའི་མཚམས་སུ་སླེབས་ཡོད་པ་དང་། སྔོན་དཔག་བྱས་ན། ད་ལོའི་ལོ་མཇུག་ཏུ་དངོས་སུ་སྤྱི་ཚོགས་ལ་འདོན་རྒྱུ་རེད། སྐབས་དེ་དུས་ཀུ་ཤུའི་མ་ལག་དང་ཨན་ཀྲུའོ་མ་ལག་སྤྱོད་མཁན་གྱིས་ཉེར་སྤྱོད་ཚོང་ཁང་ནས་ཕབ་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།