ཀྲུང་གོའི་དམག་དམངས་ཀྱིས་དཔའ་ངར་ཆེན་པོས་ཀྲུང་ཤའོ་དམག་དཔོན་ཏུའུ་ལི་ཐེ་སོགས་ཨ་རིའི་འཕུར་སྐྱོད་པར་རོགས་སྐྱོབ་བྱས་པ།
འདི་ནི་ཏུའུ་ལི་ཐེ་བྱ་སྤྱོད་དྲན་གསོ་ཁང་གི་ཕྱི་ལྗོངས་ཡིན་པ། (ཆུས་ཀྲོའུ་གྲོང་ཨུད་དྲིལ་བསྒྲགས་པུས་པར་རིས་མཁོ་འདོན་བྱས)
འདི་ནི་2024ལོའི་ཟླ་4པར། ཨ་རིའི་འཕུར་སྐྱོད་པ་ཁྲར་སི·ཨའོ་ཙུའུ་ཁེའི་བུ་མོ་སུའུ་ཧྲན་གྱིས་ཆུས་ཀྲོའུ་གྲོང་ཁྱེར་ཏུའུ་ལི་ཐེ་བྱ་སྤྱོད་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་བཞིན་པ། (ཤེ་ཏན་གྱིས་པར་བརྒྱབ)
ཀྲེ་ཅང་ཆུས་ཀྲོའུ་གྲོང་ཁྱེར་ཧྲུའེ་ཐིང་མོན་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དུ་ཏུའུ་ལི་ཐེ་བྱ་སྤྱོད་དྲན་གསོ་ཁང་ཞིག་ཡོད་པ་དེའི་ནང་ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཨ་རིའི་མཁའ་སྐྱོད་པ་སྐྱབས་པའི་བྱས་རྗེས་རླབས་པོ་ཆེ་བཀོད་ཡོད།
1942ལོའི་ཟླ་4ཚེས་18ཉིན། ཨ་རིའི་དམག་དཔུང་གི་ཀྲུང་ཤའོ་དམག་དཔོན་ཏུའུ་ལི་ཐེས་བཀའ་ལྟརB—25རྟགས་ཅན་གྱི་འབར་མདེལ་གནམ་གྲུ་16གི་སྣེ་ཁྲིད་དེ“གསེར་སྦྲང་ཆེ་མོ”རྟགས་ཅན་གྱི་གྲུ་གཟིངས་ཨ་མ་ནས་འཕུར་ཏེ་རི་པིན་ལ་མཁའ་རྒོལ་བྱས་པ་རེད། མཁའ་རྒོལ་གྱི་ལས་འགན་ལེགས་གྲུབ་བྱུང་རྗེས་སྣུམ་མི་འདང་བའི་ཁར་མཚན་མོའི་གནམ་གཤིས་ཞན་པ་དང་འཕྲིན་གཏོང་ཆད་པ་སོགས་ལས་གནམ་གྲུ་དེ་སྔའི་འཆར་གཞི་ལྟར་ཆུས་ཀྲོའུ་གནམ་ཐང་དུ་བབས་ཐུབ་མེད། ཀྲུང་ཤའོ་དམག་དཔོན་ཏུའུ་ལི་ཐེ་སོགས་གནམ་གྲུའི་ལས་མི་75ཡིས་གནམ་གྲུ་ནས་མཆོང་གདུགས་ཕུབ་སྟེ་ཀྲུང་གོའི་ཤར་ལྷོའི་མཚོ་རྒྱུད་དུ་བབས་པ་རེད།
ཉིན་དེའི་མཚན་གུང་དུ། ཀྲེ་ཅང་གི་སན་མོན་རྫོང་ཐན་ཐོའུ་ཧྲན་གླིང་ཕྲན་དུ་ཉ་པ་མཱ་ལེང་ཧྲུའེ་དང་ཀྲའོ་ཞའོ་པའོ་བཟའ་ཚོ་གཉིས་ཀྱིས་སྦི་ཅི་ལི་ཁྱེར་མཁན་ཁ་ཤས་གྲོང་ཚོའི་ཕྱོགས་སུ་ཡོང་བ་མཐོང་། བཟའ་ཚོ་གཉིས་པོས་དེ་ནི་འཕྲོག་བཅོམ་བྱེད་མཁན་ཇག་པ་རེད་སྙམ་ནས་རི་སྟེང་དུ་བྲོས། ཁྱིམ་དུ་སླེབས་སྐབས་ཕག་ཚང་གི་གཟན་རྩྭའི་དཀྱིལ་དུ་ཕྱི་རྒྱལ་བ་4ཡོད་པ་ཤེས། སྐད་བརྡ་མ་འཕྲོད་པའི་དབང་གིས་ལྐུགས་བརྡ་བྱས་པས། འཕུར་སྐྱོད་པ་དེ་དག་ནི་རི་དམག་ལ་འགོག་རྒོལ་བྱེད་མཁན་གྱི་མནའ་འབྲེལ་དམག་དཔུང་གི་འཕུར་སྐྱོད་པ་ཡིན་པ་ཤེས། དེ་ནས་ལམ་སེང་ཁོ་ཚོ་ཁྱིམ་དུ་ཁྲིད་དེ་ཁ་ལག་སྟེར་བ་མ་ཟད། ད་དུང་རང་ཁྱིམ་གྱི་ཉལ་ཁྲིའི་ཐོག་ངལ་གསོ་རུ་བཅུག ཉིན་གཉིས་པའི་ཐོ་རེངས་སུ་ཀྲའོ་ཞའོ་པའོ་ཡིས་གྲོང་ཤར་གྱི་ཆུ་འགྲམ་གྱི་བྲག་རྡོའི་འཁྲིས་ནས་རྨས་མ་ལྔ་པ་དེ་རྙེད། མཱ་ལེང་ཧྲུའེ་ཡིས་ཉ་གྲུ་གཡར་བ་དང་། འཕུར་སྐྱོད་པའི་གདོང་ལ་གོ་ཐལ་བྱུག་སྟེ་ཉ་པར་བརྫུས་ནས་ས་རུབ་པ་དང་བསྟུན་ནས་ཁོང་ཚོ་བདེ་འཇགས་ངང་སན་མོན་རྫོང་ནན་ཐེན་གླིང་ཕྲན་དུ་བསྐྱལ་ནས་དཔུང་སྡེར་ལོག་པར་རམ་འདེགས་བྱས།
ཀྲུང་ཝེ་དམག་དཔོན་ཐའེ་ཏེ·ལའོ་སིན་ཡོད་སའི་གནམ་གྲུ་བདུན་པ་ནན་ཐེན་གླིང་ཕྲན་ཏ་ཧྲ་གྲོང་ཚོའི་མཚོ་འགྲམ་དུ་བཙན་གྱིས་བབས་དགོས་བྱུང་ཞིང་། གནམ་གྲུའི་ལས་མི་5ཚང་མར་རྨས་སྐྱོན་ཕོག་པ་དང་། དེའི་ནང་ལའོ་སེན་གྱི་རྐང་པར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད། ས་གནས་དེ་གའི་ཡུལ་མིས་ཤེས་རྟོགས་བྱུང་རྗེས་མྱུར་དུ་རོགས་སྐྱོབ་བྱས་པ་དང་འབྲེལ་ཁོང་ཚོ་སན་མོན་རྫོང་གྲོང་དུ་བསྐྱལ་བ་དང་དེ་ནས་ཨེན་ཙེ་སྨན་ཁང་དུ་བསྐྱལ།
ཀྲེ་ཅང་གི་ཅང་ཧྲན་དུ་གནམ་གྲུ་ཨང་3པའི་མཁའ་ལམ་གྱི་སྣེ་ཁྲིད་པ་ཁྲར་སི·ཨའོ་ཙུའུ་ཁེ་མཆོང་གདུགས་ཕུབ་ནས་སྲོག་ཉེན་ལས་ཐར་རྗེས། ས་གནས་དེ་གའི་ཡུལ་མི་ལེའོ་ཧྲི་ཡོན་སོགས་ཀྱིས་ཁྱིམ་དུ་ཁྲིད་དེ་སྐྱོབ་བཅོས་བྱས། ཅང་ཤིས་ཀོང་ཧྥུང་དུ་ཡུལ་མི་ཚོས་སྨྱུག་མའི་འགྱོགས་བྱམས་སྤྱད་དེ་རྨས་མ་བདེ་འཇགས་ཀྱི་གནས་སུ་བསྐྱལ་བ་རེད། མཐར་མཁའ་སྐྱོད་པ་75ཡི་ཁྲོད་གསོན་པོར་བཟུང་བའི་མི་8དང་རྐྱེན་ལམ་དུ་ཤོར་མཁན་3ཕུད་དེ་བྱིངས་ཀྱི་མི་64ཚང་མ་དམག་སྡེར་ཕྱིར་ལོག་ཐུབ་ཡོད།
(རྩོམ་པ་པོ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་ལོ་རྒྱུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ། ཀྲེང་ཝེ་ཡུང་གིས་ཀྱང་རྩོམ་ཡིག་འདིར་ལེགས་སྐྱེས་ཕུལ་ཡོད)
འབྲེལ་ཡོད་གསར་འགྱུར།