དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས་རིག་གནས་དང་ཡུལ་སྐོར་ལ་བརྟེན་ནས་རྫོང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ།

    འབྲོག་གླུ་སྙན་ཞིང་འཇེབས། བདེ་སྐྱིད་རྣམ་པས་ཁེངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-29

    གངས་སིམ་སིམ་ཞིག་བབས་རྗེས། སྟོན་དུས་ཀྱི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཀུན་བདེ་གླིང་རྩྭ་ཐང་དུ་བསིལ་བབས་པ་དང་བཞའ་ཚན་ཆེ་བར་གྱུར།

    འགྲུལ་པ་ཁག་གཅིག་འདི་ནས་ཁ་བྲལ་མ་ཐག་འབྲོག་པ་ཨ་སྒྲོན་དང་ཁོང་གི་བཟའ་ཟླ་ཚེ་རིང་ཕུན་ཚོགས་ཀྱིས་ཕྱགས་མ་འཁྱེར་ནས་སྦྲ་གུར་སྟེང་གི་གངས་གསོག་གཙང་ཕྱག་བྱེད་བཞིན་ཡོད། “རྒྱལ་སྟོན་དང་རྫོང་གི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་འཚོག་ཉེར་ཡོད་པས། གྲ་སྒྲིག་ཡག་པོ་བྱེད་དགོས”ཞེས་ཁོང་གཉིས་པོའི་ངོ་གདོང་ལས་འཛུམ་གྱིས་ཁེངས་བཞིན་བཤད།

    འདི་ནི་ཟངས་རི་རྫོང་རྫིང་ཕྱི་ཤང་མིག་ལྡོང་གྲོང་ཚོའི་ཉེ་འགྲམ་གྱི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་ཞིག་རེད། རྒྱང་རིང་ནས་བལྟས་ན། ཤ་མོའི་དབྱིབས་དང་འདྲ་བའི་སྦྲ་གུར་ཚོགས་ཀྱིས་སྔོ་ཐིང་ཐིང་གི་རྩྭ་ཐང་དུ་མཛེས་རྒྱན་སྤྲས་པས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཏུ་སྣང་།

    མི་རིང་བའི་གོང་། གསར་འགོད་པས་རླངས་འཁོར་ལ་བསྡད་དེ་གོང་ཟངས་ལམ་ཐིག་བརྒྱུད་བྱང་ཤར་ཕྱོགས་སུ་སྤྱི་ལེ་70ལྷག་ཙམ་བསྐྱོད་རྗེས“འབྲོག་པའི་ཞིང་ཁམས”ཞེས་འབོད་པའི་རི་མཐོའི་འབྲོག་ར་སྟེ་ཀུན་བདེ་གླིང་རྩྭ་ཐང་དུ་འབྱོར། དེ་གར་ཕྱོགས་གསུམ་རི་བོས་བསྐོར་བ་དང་ཡངས་ཤིང་ཁོད་སྙོམས་པ་དང་། དབྱར་དུས་སུ་རྩྭ་ཐང་རྒྱ་མཚོ་ལྟར་སྔོ་ཐིང་ངེར་གནས་ལ་རི་སྐྱེས་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་པ། དགུན་དུས་སུ་རྩྭ་ཐང་ཧྲིལ་པོ་ཁ་བས་བཀླུབས་ནས་དངུལ་དཀར་གྱི་འཇིག་རྟེན་ཞིག་དང་མཚུངས།

    ཀུན་བདེ་གླིང་རྩྭ་ཐང་དང་ཐག་ཉེ་བའི་མིག་ལྡོང་གྲོང་ཚོ་ནི་དེ་སྔ་གྲོང་ཚོ་དབུལ་པོ་ཞིག་རེད། “གྲོང་ཚོ་ཡོངས་ཀྱི་དུད་ཚང་48ཀྱིས་དེ་སྔ་དབྱར་རྩྭ་དགུན་འབུ་སྔོག་པ་དང་འབྲི་གཡག་འཚོ་བ་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པས། མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་8000ལྷག་ཙམ་ལས་ཟིན་གྱི་མེད”ཅེས་མིག་ལྡོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀརྨ་རྡོ་རྗེས་བཤད།

    ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ལས་ཀུན་བདེ་གླིང་རྩྭ་ཐང་མཛེས་ལྗོངས་ཁུལ་གསར་སྤེལ་བྱེད་པར་གོ་སྐབས་སྦྱིན་ཡོད། 2017ལོར་ཟངས་རི་རྫོང་ཨུད་དང་རྫོང་སྲིད་གཞུང་དང་ཧུའུ་ནན་བོད་སྐྱོར་ལས་དོན་རུ་ཁག་གཡོད་དབྱང་ལས་དོན་ཚོགས་ཆུང་གི་རྒྱབ་སྐྱོར་འོག“མིག་ལྡོང་འབྲོག་ཁྱིམ་སྤྲོ་སྐྱིད་ཁང”དངོས་སུ་སྒོ་ཕྱེ་བས་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད། སེམས་རྩ་འཁོལ་བའི་ཞབས་ཞུ་དང་ལྷད་མེད་པའི་ཞིམ་ཟས་ལས་མིག་ལྡོང་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་སྐད་གྲགས་ཆོད་ཡོད།

    ཚོང་ཇེ་ལེགས་སུ་ཕྱིན་པས་ཡུལ་མི་ཚོའི་ཧུར་སེམས་ཀྱང་ཇེ་ཆེར་ཕྱིན་ཡོད། “ལོ་གཅིག་ནང་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བྱུང”ཞེས་ཀརྨ་རྡོ་རྗེས་གསར་འགོད་པར་བཤད། གྲོང་ཚོའི་ནང་གི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་དེ་རྒྱན་འཕེན་པའི་རྣམ་པའི་ཐོག་ནས་རེས་མོས་གཉེར་སྐྱོང་བྱས་ཏེ་ཡུལ་མི་ཚང་མར་སྐྱེ་ཁམས་ཡུལ་སྐོར་ལས་ཡོང་འབབ་གསོག་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད་པ་རེད།

    ད་ཆ་མིག་ལྡོང་གྲོང་ཚོར་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་2ཡོད་པ་དང་རྒྱ་ཆེ་ལ་ཁོད་སྙོམས་པའི་གཞུང་ལམ་གཟི་བྱིན་བླ་མཚོའི་བར་ཤར་གཏོང་ཐུབ་པས། ཡུལ་མི་དེ་བས་མང་བ་ཡུལ་སྐོར་ལས་རིགས་ཁྲོད་ཞུགས་ཡོད། “ད་ཆ་འཕེལ་རྒྱས་ལེགས་སུ་ཕྱིན་པ་དང་སྦྲགས་ཁྱིམ་གྱི་ལོའི་ཡོང་འབབ་སྒོར་ཁྲི་11ལྷག་ཙམ་ཟིན་གྱི་ཡོད། དཔལ་འབྱོར་གྱི་ཡོང་འབབ་དང་། སྐྱེ་ཁམས་ཀྱི་ཕན་འབྲས། བདེ་སྐྱིད་ཀྱི་ཚད་གཞི་བཅས་ཚང་མ་ལས་ང་ཚོར་ཕན་པ་ཆེན་པོ་ཐོབ་ཡོད”ཅེས་ཚེ་རིང་ཕུན་ཚོགས་ཀྱིས་བཤད།

    ཡུལ་སྐོར་ལ་བརྟེན་ནས་ཡུལ་མི་ཚོའི་ཡོང་འབབ་ཡག་པོ་ཡོང་བར་རོགས་རམ་བྱ་ཆེད། ཧུའུ་ནན་གྱི་བོད་སྐྱོར་ལས་དོན་རུ་ཁག་གཡོད་དབྱང་ལས་དོན་ཚོགས་ཆུང་གིས་ཟངས་རི་རྫོང་གི“རིག་གནས་དང་ཡུལ་སྐོར་ལ་བརྟེན་ནས་རྫོང་འཕེལ་རྒྱས་གཏོང་བའི”འཐབ་ཇུས་ལ་དམ་པོར་དམིགས་ཏེ། “རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱོར་བ”ལྟེ་བར་འཛིན་ནས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་1000བཏང་སྟེ། ས་མཐོའི་མཛེས་མཐུན་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་རྣམ་གྲངས་ལག་ལེན་བསྟར་བ་རེད། གཟི་བྱིན་བླ་མཚོ་དང་ཀུན་བདེ་གླིང་རྩྭ་ཐང་སོགས་མཛེས་ལྗོངས་ཁུལ་དུ་སྤོ་རུང་བའི་གསོལ་མགྲོན་ཁང་དང་། ཟ་ཁང་། འགྲེམས་ཚོང་ལྟེ་གནས་བཅས་སྔ་རྗེས་སུ་བསྐྲུན་པར་ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད་སྔར་བས་ལེགས་སུ་ཕྱིན་པ་དང་སྦྲགས་ཡུལ་སྐོར་བའི་ཉམས་ལེན་ལེགས་སུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།