བོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གླེང་སྟེགས་སྐབས་གཉིས་པར་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
བོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གླེང་སྟེགས་སྐབས་གཉིས་པ་བདེ་བླག་ངང་འཚོགས་པ་དང་། གངས་ལྗོངས་ས་མཐོས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ལ་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་ཏེ་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་མཐུན་སྒྲིལ་མདུན་སྐྱོད་ཀྱི་ཐབས་ལམ་ལ་མཉམ་དུ་གྲོས་བསྡུར་བྱས་པ་རེད།
ཉིན་ཤས་རིང་། རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚགས་པར་དང་དུད་སྣེ་སོགས་བརྒྱུད་གླེང་སྟེགས་ཀྱི་གནས་ཚུལ་གཟབ་རྒྱས་ལ་གཅིག་རྗེས་གཉིས་མཐུད་ངང་དོ་ཁུར་བྱས་ཤིང་། ཚང་མས་ཐེངས་འདིའི་གླེང་སྟེགས་ནི་2023ལོའི་བོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གླེང་སྟེགས་སྐབས་དང་པོ་འཚོགས་རྗེས་ཀྱི་ཚོགས་འདུ་གཟབ་རྒྱས་གཞན་ཞིག་ཡིན་པས། ཚུགས་གནས་མཐོ་བ་དང་། ཚད་གཞི་མཐོ་བ། སྤུས་ཚད་མཐོ་བ་བཅས་མཚོན་ཡོད་ཅིང་། གླེང་སྟེགས་ལ་ཡང་གྲུབ་འབྲས་གལ་ཆེན་ཐོབ་ནས་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་སྔོན་དཔག་དམིགས་ཚད་དུ་སླེབས་པའི་ངོས་འཛིན་བྱས་པ་རེད།
ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་ཧྲེང་དབྱིས། བོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གླེང་སྟེགས་སྐབས་གཉིས་པའི་ཐོག བོད་ཀྱི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྩ་ཆེའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་ཡོད་པས། ལྟེ་བ་སྲུང་སྐྱོང་དང་། མཐུན་སྒྲིལ་མདུན་སྐྱོད། དགོངས་པར་གོ་བ་ལེན་པ། ངོས་འཛིན་ཟབ་གཏོང་། ཉམས་མྱོང་ཕྱོགས་སྡོམ། ཐབས་འདོན་ཇུས་འབུལ་བཅས་ཀྱི་འདུ་འཛོམས་གཟབ་རྒྱས་ཤིག་རེད་ཅེས་བརྗོད།
“ད་ཐེངས་ཀྱི་གླེང་སྟེགས་འདིས་ང་ཚོ་གཞི་རིམ་ལས་དོན་པར་རྩ་ཆེ་བའི་སློབ་སྦྱོང་གི་གོ་སྐབས་མཁོ་འདོན་བྱས་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་འཛུགས་པར་རང་ཉིད་ཀྱི་གོ་བ་ལོན་ཚད་ཟབ་ཏུ་ཕྱིན་སོང་”ཞེས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དགའ་ལྡན་རབ་རྒྱས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་གཞུང་ལས་ཁང་གི་གྱང་ངོས་ཀྱི“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་སྦྱར་ཡིག་ལ་མཛུབ་མོ་བཙུགས་བཞིན་དེ་ལྟར་བཤད།
ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཁྲེན་ཡཱ་ལིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་གཟབ་བཞེས་དང་ཏང་གི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་དྲིལ་བསྒྲགས་དང་། ལག་བསྟར། དོན་འཁྱོལ་བཅས་ཡག་པོ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་བཤད།
གླེང་སྟེགས་དེ་ལས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་དབྱང་ལིན་ཤིན་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི“མེ་ཏོག་གི་ལག་ལེན”ལ་གོ་བ་དེ་བས་གཏིང་ཟབ་ལོན་ཐུབ་པ་བྱུང་ཞིང་། ཁོང་གིས་གླེང་སྟེགས་ཀྱི་དགོངས་དོན“རྫོང་གསུམ་དང་གྲོང་ཁྱེར་གཅིག”གི་ཞིབ་ཕྲའི་བྱ་སྤྱོད་ནང་མཉམ་འདྲེས་བྱེད་པ་དང་། གྲོང་གསེབ་དར་རྒྱས་གོ་སྐབས་སུ་བྱས་ཏེ། ཇ་ལོའི་ཐོན་ལས་དང་ཡུལ་སྐོར་འཕེལ་རྒྱས་ནང་མི་རིགས་མཐུན་སྒྲིལ་གྱི་གཞི་རྒྱུ་བཅུག་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་མི་སེམས་གཅིག་སྒྲིལ་གྱི་མཐུན་རྐྱེན་དུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད།
ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྡོད་ལས་དོན་གྱི་སྤྱི་ཁྱབ་རུ་སྣེ་ཁྲིད་མཁན་ལིའུ་དབྱིན་ཀང་གིས་གྲོང་སྡོད་ལས་དོན་རུ་ཁག་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ“ལས་འགན་ལྔ”དོན་འཁྱོལ་ནན་ཏན་གྱིས་གཞི་རིམ་མང་ཚོགས་ཁྲོད་མི་རིགས་སྲིད་ཇུས་དྲིལ་བསྒྲགས་དང་སྒྲོག་འགྲེལ་རྒྱ་ཁྱབ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ། གཞི་རིམ་མང་ཚོགས་དང་གྲོང་ཚོའི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཕྱི་རོལ་དུ“འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས”བཅས་ཀྱི་བྱེད་སྒོ་སྤེལ་བ་བཅས་བྱ་རྒྱུ་ཡིན་ཞེས་བཤད།
“བོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གླེང་སྟེགས་སྐབས་གཉིས་པ་བདེ་བླག་ངང་གཉེར་བ་དེས་རིག་སྟོབས་གཅིག་སྒྲིལ་དང་རྨང་བརྟན་བློ་སྦྱོང་ཐུབ་ནས་ང་ཚོར་བསམ་བློའི་སྒུལ་ཤུགས་སྟོབས་ཆེན་བསྣན་བྱུང”ཞེས་ནག་ཆུ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་གསེར་རྙེད་ཆུས་ཨུད་ཀྱི་ཧྲུའུ་ཅི་ལི་ཏུང་གིས་བཤད།
“གླེང་སྟེགས་ཐོག་བཏོན་པའི‘ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་དངོས་འབྲེལ་རྒྱུན་གཏན་དང་མཉམ་འདྲེས་དང་རྒྱུན་དུ་ནས་དམ་འཛིན་བྱེད་དགོས’ཞེས་པ་ནི་ང་ཚོ་གཞི་རིམ་ལས་དོན་གྱི་ལྟེ་བའི་ཁ་ཕྱོགས་ཡིན་པས། སྐད་ཆ་དེ་དག་ང་ཚོའི་སེམས་ལ་ཟུག་སོང”ཞེས་མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་སེང་གེ་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མས་བཤད།
འབྲེལ་ཡོད་གསར་འགྱུར།