དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་དབྱི་རག་གི་དཔེ་སྟོན་སློབ་གྲྭ་ཆིག་སྟོང་སྟེ།

    “ཕྲུ་གུ་ཚོར་ཕུགས་འདུན་འགྲུབ་པའི་གོ་སྐབས་སྔར་ལས་མང་བར་གྱུར”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀོན་ཁེ་ཅང་། ཤོལ་ཏན།   |     སྤེལ་དུས།  2025-09-28

    འདི་ནི་དབྱི་རག་གི་ཁ་ཏི་ཞི་ཡ་ཞིང་ཆེན་ཨར·ཐུའུ་ལཱ་བུད་མེད་སློབ་གྲྭའི་སློབ་ཁྲིད་ཐོག་ཁང་ཡིན་པ།

    འདི་ནི་དབྱི་རག་གི་ཁར་པ་ལཱ་ཞིང་ཆེན་ཨར་མུའུ་ཐ·ཨ་ལི་ཁ་ཐེ་རྒྱལ་སྤྱིའི་སློབ་གྲྭའི་སློབ་མ་སློབ་གསེང་གི་བྱེད་སྒོར་ཞུགས་པ།

    འདི་ནི་ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་གྱི་ལས་དོན་པས་དབྱི་རག་གི་ཅི་ཅར་ཞིང་ཆེན་ཧྥ་ལ་ཧོ་སློབ་གྲྭའི་སློབ་མར་སློབ་སྦྱོང་གི་མཁོ་ཆས་སྤྲོད་པ།

    འདི་ནི་དབྱི་རག་གི་ཅི་ཅར་ཞིང་ཆེན་ཧྥ་ལ་ཧོ་སློབ་གྲྭའི་སློབ་མ་ཡིན་པ།

    འདི་ནི་དབྱི་རག་གི་ཁར་པ་ལཱ་ཞིང་ཆེན་ཨར་མུའུ་ཐ·ཨ་ལི་ཁ་ཐེ་རྒྱལ་སྤྱིའི་སློབ་གྲྭའི་སློབ་མས་མཛེས་རྩལ་ཁང་དུ་རི་མོ་འབྲི་བཞིན་པ།

    འདི་ནི་དབྱི་རག་གི་ཁ་ཏི་ཞི་ཡ་ཞིང་ཆེན་ཨར·ཐུའུ་ལཱ་བུད་མེད་སློབ་གྲྭའི་སློབ་མས་སྐྱེ་དངོས་ཀྱི་སློབ་ཚན་ལ་ཉན་བཞིན་པ།

    འདི་ནི་ཀྲུང་གོའི་ཁེ་ལས་ཀྱིས་དབྱི་རག་གི་ཅི་ཅར་ཞིང་ཆེན་དུ་སྐྲུན་འགན་ཁུར་བའི་ན་ཞི་ལི་གཡོད་མཐོ་རིམ་སློབ་འབྲིང་གཉིས་པ་ཡིན་པ།

    ཨར་མུའུ་ཐ·ཨ་ལི་ཁ་ཐེ་རྒྱལ་སྤྱིའི་སློབ་གྲྭ་ནི་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་སློབ་གྲྭ་གསར་པ་ཞིག་ཡིན་ལ། དེ་ནི་དབྱི་རག་གི་དཔེ་སྟོན་སློབ་གྲྭ་1000གི་གྲས་ཡིན། དཔེ་སྟོན་སློབ་གྲྭ་1000གི་རྣམ་གྲངས་ལས་དབྱི་རག་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི་50ལྷག་ཙམ་ལ་ཕན་པ་ཐོབ་ཅིང་། དེ་ནི་རྒྱལ་ཁབ་དེའི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཡིན་པ་མ་ཟད། ཀྲུང་གོ་དང་དབྱི་རག་གི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ཀྱི་རྣམ་གྲངས་གལ་ཆེན་ཞིག་ཀྱང་རེད། ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་ཚོགས་པས་དབྱི་རག་གི་ཞིང་ཆེན་10རུ་དཔེ་སྟོན་སློབ་གྲྭ་679སྐྲུན་འགན་ཁུར་ཞིང་། དཔེ་སྟོན་སློབ་གྲྭ་དེ་དག་ལ་དེང་རབས་ཀྱི་ཇུས་འགོད་ཡོད་པ་དང་། བྱེད་ནུས་འཐུས་སྒོ་ཚང་བ། ཁོར་ཡུག་བཟང་བ་བཅས་དབྱི་རག་གི་དམངས་ཚོགས་ཀྱིས་སེམས་ཐག་ཉེ་པོས“ཀྲུང་གོའི་སློབ་གྲྭ”ཞེས་འབོད་ཀྱི་ཡོད།

    “སློབ་གྲྭ་འདི་འདྲ་ཞིག་ཏུ་ཞུགས་ཐུབ་པར་ང་ཧ་ཅང་དགའ་པོ་བྱུང”

    “འདི་ནི་གཞུང་བཙུགས་རྒྱལ་སྤྱིའི་སློབ་ཡུན་སློབ་གྲྭ་ཞིག་ཡིན་པ་དང་དགེ་སློབ་200ལྷག་ཙམ་ཡོད་ལ། ས་ཁུལ་འདིའི་སྒྲིག་ཆས་ཡག་ཤོས་ཀྱི་སློབ་གྲྭ་ཞིག་རེད”ཅེས་ཨར་མུའུ་ཐ·ཨ་ལི་ཁ་ཐེ་རྒྱལ་སྤྱིའི་སློབ་གྲྭའི་སློབ་སྤྱི་ལཱ་པ་པུའུ·མའེ་ཡར་གྱིས་སྤོབས་པ་ཆེན་པོས་བརྗོད་ཅིང་། ཁོང་གིས། སློབ་མ་རྣམས་སློབ་གྲྭ་གྲོལ་ནའང་ལོག་འདོད་དེ་ཙམ་མེད་པ་མཐོང་སྐབས། ང་རང་དགའ་སྤྲོ་ཆེན་པོ་སྐྱེ་གི་འདུག་ཅེས་ངོ་སྤྲོད་བྱས།

    སློབ་ཁང་གི་སྒེའུ་ཁུང་དྭངས་ཤིང་གསལ་ལ། སློབ་མ་ཚོའི་དཔེ་ཀློག་གི་སྐད་སྒྲ་ལྷང་ལྷང་དུ་གྲགས། དགེ་རྒན་ཧར་ལ·མུའུ་ཞི་ཏིས་ལོ་རིམ་བཞི་པའི་སློབ་མར་དབྱིན་ཡིག་སློབ་ཚན་ཁྲིད་བཞིན་འདུག ཧར་ལཱ་ཡིས། སློབ་གྲྭ་གསར་པར་སྤོས་རྗེས། དེ་སྔ་སློབ་གྲྭ་གཞན་དུ་སྒྱུར་འདོད་པའི་སློབ་མ་ཕུལ་བྱུང་དག་ཀྱང་རང་འཇགས་སུ་བསྡད་པ་དང་། ཚང་མའི་སློབ་སྦྱོང་གི་སེམས་ཤུགས་དེ་བས་ཆེ་རུ་ཕྱིན་པ་དང་སྦྱངས་འབྲས་ཀྱང་ལེགས་སུ་ཕྱིན་སོང་ཞེས་བཤད། སློབ་གྲྭ་འདི་འདྲ་ཞིག་ནང་འཛུལ་ཐུབ་པར་ང་ཧ་ཅང་དགའ་པོ་བྱུང་། ང་སློབ་གྲྭ་འདི་ལ་དགའ”ཞེས་ལོ་11ལ་སླེབས་པའི་ཧའེ་ཏེར་གྱིས་དགའ་སྤྲོའི་ངང་གསར་འགོད་པར་བཤད། ཁོང་གི་སློབ་གྲོགས་སུའུ་ཁའེ་ན་ཡིས། ང་རང་ནར་སོན་རྗེས་སློབ་གྲྭ་འདི་གར་དགེ་རྒན་བྱེད་ཀྱི་ཡིན་ཞེས་བརྗོད།

    ཁར་པ་ལཱ་ཞིང་ཆེན་དུ་ཁྱོན་དཔེ་སྟོན་སློབ་གྲྭ་44ཡོད་ཅིང་། “སྔོན་ཆད་ཕྲུ་གུ་ཚོར་ཐ་ན་རྩེད་མོ་རྩེ་སའི་ལུས་རྩལ་ཐང་ཡང་མེད། ད་ཆ་དཔེ་སྟོན་སློབ་གྲྭའི་བྱེད་ནུས་འཐུས་སྒོ་ཚང་བ་དང་ཇུས་འགོད་ཡིད་དུ་འོང་བ་ཞིག་ཡོད” དགེ་རྒན་པུའུ་སི་ལ·ཧུའུ་ཏེར་གྱིས་དེ་སྔོན་སློབ་གྲྭ་རྙིང་པ་ཞིག་ཏུ་དགེ་རྒན་བྱས་པ་དང་། སློབ་ཁྲིད་སྒྲིག་ཆས་ཧ་ཅང་ཞན་པའི་དབང་གིས་སློབ་མ་རྣམས་ཉིན་རེར་འཛིན་གྲྭ་གསུམ་དུ་བགོས་ནས་རེས་མོས་ངང་སློབ་ཚན་ཁྲིད་དགོས་ཀྱི་ཡོད། དཔེ་སྟོན་སློབ་གྲྭས་སློབ་མའི་རྒྱུན་གཏན་སློབ་ཁྲིད་འགན་ལེན་བྱེད་པ་མ་ཟད། ད་དུང་སློབ་མའི་སྤྲོ་སྣང་འཕེལ་ཆེད་བྱེད་ནུས་རང་བཞིན་གྱི་སློབ་ཁང་མང་པོ་ཡང་བཀོད་སྒྲིག་བྱས་ཡོད།

    མཛེས་རྩལ་ཁང་དུ་སློབ་མ་ཚོས་ནན་ཏན་གྱིས་མ་འོངས་པའི་རེ་འདུན་མཚོན་པའི་རི་མོ་འབྲི་བ་དང་། རྩིས་འཁོར་ཁང་དུ་སློབ་མ་ཚོས་དགེ་རྒན་གྱི་མཛུབ་ཁྲིད་འོག་རྩིས་འཁོར་བཀོལ་སྤྱོད་དང་དྲ་བར་ཞུགས་པ། དཔེ་མཛོད་ཁང་དུ་ཚོན་རིས་ཀློག་དེབ་ལ་དགའ་བསུ་ཐོབ་པ་སོགས་ཕྱོགས་གང་ས་ཅི་ཐད་དུ་ཉམས་དགའ་བ་ཞིག་ཡོད། ལོ་རིམ་བཞི་པའི་སློབ་མ་མུའུ་ཧན་མོ་ཏེས་རང་ཉིད་ཀྱིས་བཟོས་པའི་ཨ་ལས་པད་གོག་ཁྱེར་ནས“དཔེ་མཛོད་ཁང་ནི་ང་ཚོའི་ལག་ཤེས་ཀྱི་སློབ་ཁང་ཡང་ཡིན། འདི་ཨ་ལི་ཡིན། འདིའི་མིང་ལ་ཧ་སང་ཟེར། ཁོ་གཉིས་ནི་གྲོགས་པོ་ཡག་པོ་ཡིན”ཞེས་བཤད།

    ཁར་པ་ལཱ་ཞིང་ཆེན་དུ་བཅའ་སྡོད་དབྱི་རག་ནང་བློན་ཁང་དྲུང་ཡིག་ཁྲུའུ་ཡི་དཔེ་སྟོན་སློབ་གྲྭའི་རྣམ་གྲངས་པུའུ་ཡི་འགན་འཁུར་བ་ཨའེ་ཧ་མའེ་ཏེ·ཨ་ལི་ཡིས། དཔེ་སྟོན་སློབ་གྲྭའི་རྣམ་གྲངས་ནི་དབྱི་རག་ཏུ་གསར་སྐྲུན་བྱས་པ་ཞིག་ཡིན་ལ། ཚོད་ལྟ་ཁང་དང་། དཔེ་མཛོད་ཁང་། དྲ་རྒྱའི་སྒྲིག་བཀོད། བྱེད་ནུས་མང་བའི་ལུས་རྩལ་ཐང་སོགས་བཀོད་སྒྲིག་བྱས་ནས་དེང་རབས་ཅན་གྱི་ཇུས་འགོད་དང་རྒྱུན་མཐུད་ཆོག་པའི་འདུ་ཤེས་མཉམ་འདྲེས་ཐུབ་པར་བྱས་ཡོད་ཅེས་བརྗོད་ཅིང་། ཁོང་གིས“ས་སྟེང་དུ་གང་ཡང་མེད་པ་ནས་བརྗིད་ཉམས་ལྡན་པའི་བ་གམ་གནམ་ལ་ཟུག་པའི་བར་ཀྲུང་གོའི་འཛུགས་སྐྲུན་པའི་འགན་འཁྲི་དང་ཁྱད་དུ་འཕགས་པའི་འཇོན་ཐང་ལ་ཡི་རང་ཞུ་དགོས་པ་ཞིག་འདུག ང་ཚོས་མི་རབས་གསར་པའི་སློབ་ཁྲིད་སྒྲིག་བཀོད་བསྐྲུན་ཡོད་ལ་དབྱི་རག་གི་མི་རབས་རྗེས་མའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡང་སྐྲུན་བཞིན་ཡོད”ཅེས་བརྗོད་ཡོད།

    “མ་འོངས་པར་ཀྲུང་གོར་སློབ་སྦྱོང་དུ་བསྐྱོད་ནས་སྔར་ལས་རྒྱ་ཆེ་བའི་འཛམ་གླིང་ལ་ལྟ་གི་ཡིན”

    ཁར་པ་ལཱ་གྲོང་ཁྱེར་ནས་ལྷོ་ཕྱོགས་སུ་རླངས་འཁོར་བཏང་ནས་ཆུ་ཚོད་2ཙམ་བསྐྱོད་པ་དང་། ལྷིང་འཇགས་ངང་རྒྱུག་བཞིན་པའི་ཡིའུ་ཧྥ་ལ་ཏི་གཙང་པོ་བརྒལ་ན། ཁ་ཏི་ཞི་ཡ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཏི་ཝ་ཉི་གཡོད་གྲོང་ཁྱེར་དུ་གནས་པའི་ཨར·ཐུའུ་ལཱ་བུད་མེད་སློབ་གྲྭར་སླེབས།

    ཨར·ཐུའུ་ལཱ་བུད་མེད་སློབ་གྲྭ་ནི་ས་གནས་དེ་གར་ཁག་དང་པོར་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་སྤྲོད་བྱས་པའི་དཔེ་སྟོན་སློབ་གྲྭའི་གྲས་ཤིག་ཡིན། སློབ་གྲྭའི་སློབ་ཁྲིད་ཐོག་ཁང་ནི་ཁྱིའུ་དབྱིབས་ཀྱི་བཟོ་བཀོད་ཡིན་ལ་ཁ་དོག་ལི་དཀར་འདྲེས་མའི་ཕྱི་གྱང་དེ་བས་མངོན་གསལ་དོད་པོ་ཡོད། སློབ་སྤྱི་མཱ་ཡ་ཏ·ཁ་ཏི་མུའུ་ཡིས། སློབ་གྲྭའི་བཟོ་སྐྲུན་ཇུས་འགོད་གཙང་པོ་གཉིས་རྒྱུག་ཁུལ་གྱི་རིག་གནས་ཀྱི་ཁྱད་ཆོས་དང་མཐུན་པས་སློབ་མའི་སྤོབས་སེམས་ཆེ་རུ་འགྲོ་ཐུབ། ངའི་ཚ་མོ་སློབ་གྲྭ་འདིའི་ལོ་རིམ་དང་པོ་འགྲིམ་བཞིན་ཡོད། “སློབ་གྲྭར་འགྲོ་བའི་ཉིན་དང་པོར་ངས་ཚ་མོར་སློབ་གྲྭའི་སྒྲིག་བཀོད་ལ་གཅེས་སྤྲས་བྱེད་དགོས་ཞེས་བཤད་པ་ཡིན། གང་ལགས་ཤེ་ན།‘ཀྲུང་གོའི་སློབ་གྲྭ’འདི་ལོ་20དང་ཐ་ན་ལོ་50ཙམ་སྤྱོད་དགོས་ཀྱི་ཡོད”ཅེས་བཤད།

    དཔེ་སྟོན་སློབ་གྲྭའི་རྣམ་གྲངས་ཀྱི་བཟོ་བཀོད་པ་ཨ་མཱར·ཐ་ཧེར་ནི་ཕྲུ་གུ་གཉིས་ཀྱི་ཨ་ཕ་ཡིན། ཨ་མཱར་གྱིས“ཁྱིམ་བདག་ཅིག་ལ་མཚོན་ན་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ནས་ཕྲུ་གུར་སློབ་གསོ་གཏོང་བ་ནི་ཧ་ཅང་གལ་ཆེན་ཡིན་པ་ཤེས་ཀྱི་ཡོད། རྟག་པར་དབྱི་རག་ཏུ་ད་དུང་ཕྲུ་གུ་མང་པོ་ཞིག་སྟབས་བདེའི་ཁང་པར་སློབ་ཚན་མ་འཚོགས་ཀ་མེད་ཡིན་པ་དེས‘ཀྲུང་གོའི་སློབ་གྲྭ’སྔ་ཙམ་བསྐྲུན་ཚར་ན་སྙམ་གྱི་ཡོད”ཅེས་བཤད་པ་དང་། ཁོང་གིས་དཔེ་སྟོན་སློབ་གྲྭའི་རྣམ་གྲངས་སྡེ་ཚན་མང་པོ་དང་འབྲེལ་བ་ཡོད་ནའང་། འོན་ཀྱང་ཚང་མའི་དམིགས་ཚད་གཅིག་མཚུངས་ཡིན་ཞིང་། དེ་ནི“དཔེ་སྟོན་སློབ་གྲྭ་དེ་དབྱི་རག་སློབ་གྲྭའི་དཔེ་ལྟ་ས་ཞིག་ཏུ་བསྐྲུན་ནས་སློབ་མའི་སློབ་ཚན་འཚོག་དཀའ་བའི་གནད་དོན་སེལ་ཆེད་རེད”ཅེས་བཤད།

    “ཁྱེད་ཚོས་བལྟས་ན་དམིགས་ཚད་འདི་མངོན་འགྱུར་བྱུང་ཡོད་དམ”གནད་དོན་དེ་ཐོས་རྗེས་ཨ་མཱར་དགོད་ཤོར་ཞིང་། ཁོང་གིས་དགེ་རྒན་དང་སློབ་གྲྭར་སྐད་ཆ་ཤོད་དབང་ཆེ་ཤོས་ཡོད། “ཁོང་ཚོའི་འཛུམ་མདངས་རེ་རེ་ལས་ཁྱེད་ལ་ལན་ཞིག་ཐོབ་ངེས་རེད”ཅེས་བཤད།

    སློབ་གྲྭའི་ནང་སློབ་མ་རྣམས་ང་ཤོར་ཁོ་ཤོར་ངང་གསར་འགོད་པའི་མདུན་དུ་བཅར་ཡོང་ཞིང་། ལོ་10ལ་སླེབས་པའི་ཨའེ་མར་གྱིས་ང་སློབ་གསེང་དུ་སློབ་གྲོགས་ཚོ་དང་མཉམ་དུ་རྒྱ་ཆེ་བའི་བར་ཁྱམས་སུ་རྩེད་མོ་རྩེ་རྒྱུར་ཧ་ཅང་དགའ་པོ་ཡོད་ཅེས་བཤད་པ་དང་། ལོ་11ལ་སླེབས་པའི་ཧ་ཏིར་གྱིས་ང་དབྱིན་ཡིག་སློབ་ཚན་ལ་ཧ་ཅང་དགའ་པོ་ཡོད་ཅེས་བཤད། ལོ་རིམ་བཞི་པའི་ཧྥ་ཏི་མ་ཡིས་ངས་ཀྲུང་གོར་རྒྱུས་ལོན་མང་ཙམ་བྱས་ནས་ཕྱིས་སུ་ཡུལ་དེ་གར་སློབ་སྦྱོང་བྱེད་པར་བསྐྱོད་ཐུབ་པའི་རེ་བ་ཡོད་ཅེས་བཤད།

    “ཕྲུ་གུ་ཚོའི་སེམས་སུ་མཛའ་གྲོགས་ཀྱི་ས་བོན་བཏབ”

    ཅི་ཅར་ཞིང་ཆེན་ནི་ཁ་ཏི་ཞི་ཡ་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་གནས་ཤིང་། ཏི་ཀེ་ལི་སི་གཙང་པོ་དང་ཡིའུ་ཧྥ་ལ་ཏི་གཙང་པོ་དེ་གར་འདྲེས་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་གཙང་པོ་གཉིས་ཀྱི་ཤེས་དཔལ་བསྐྱངས་ཡོད།

    ཅི་ཅར་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ན་ཞི་ལི་གཡོད་གྲོང་ཁྱེར་གྱི་ཧྥ་ལ་ཧོ་སློབ་གྲྭར་རྣམ་པ་གསར་རྐྱང་གི་ཀྲུང་དབྱིའི་རིག་གནས་སྤེལ་རེས་བྱེད་སྒོ་དངོས་སུ་སྤེལ་བཞིན་ཡོད། “སྤྱི་ལོའི་གོང་གི་དུས་རབས་2པར། ཀྲུང་གོའི་ཀྲང་ཆན་ནུབ་ལྗོངས་སུ་བསྐྱོད་དེ་ཨེ་ཤེ་ཡའི་དབུས་རྒྱུད་དང་ནུབ་རྒྱུད་ཀྱི‘དར་གོས་འགྲུལ་ལམ’བཏོད་ཡོད། ལམ་དེ་ལས་ཀྲུང་གོ་དང་གནའ་བོའི་པ་པི་ལུན་བར་ཏེ་དེང་གི་དབྱི་རག་དང་འབྲེལ་ལམ་བཏོད་ཡོད”ཅེས་ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་ལས་དོན་པས་བཤད་པ་དང་། སློབ་མ་ཚོས་བློ་རྩེ་གཅིག་སྒྲིམ་ངང་ཉན་རྗེས་ལག་པ་བརྐྱངས་ཏེ“ཀྲུང་གོའི་རྒྱལ་ས་པེ་ཅིང་རེད” “ང་ལྕགས་རི་རིང་པོར་འཛེག་འདོད་ཡོད”ཅེས་ཀྲུང་གོར་སྔར་བས་རྒྱུས་མངའ་ལོན་འདོད་བྱས།

    དབྱི་རག་གི་སྨྱན་སྦྱོར་མང་པོ་ཞིག་ཧྥ་ལ་ཧོ་སློབ་གྲྭའི་རིག་གནས་སྤེལ་རེས་བྱེད་སྒོར་བཅར་འདྲིར་ཡོང་འདོད་ཡོད་ཅིང་། ན་ཞི་ལི་གཡོད་གསར་འགྱུར་དྲ་བའི་གསར་འགོད་པ་མུར་ཐ་ཏ་ཡིས་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་པར་ལེན་བྱས་ཡོད། ཁོང་གིས་བལྟས་ན། དཔེ་སྟོན་སློབ་གྲྭ་1000གི་རྣམ་གྲངས་ཀྱིས་དབྱི་རག་གི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། དབྱི་རག་གི་ཚགས་པར་ཆེ་ཤོས《ཞོགས་པའི་ཚགས་པར》གྱི་རྩོམ་སྒྲིག་པ་མུའུ་ཧན་མོ་ཏེ·ཝ་ཧ་པུའུ་ཡིས“མཛའ་གྲོགས་རྒྱལ་ཁབ་ཀྲུང་གོས་དབྱི་རག་ཏུ་སྤུས་ཚད་ལེགས་པའི་སློབ་གྲྭ་བསྐྲུན་ནས་དབྱི་རག་བསྐྱར་སྐྲུན་ལ་རྒྱབ་སྐྱོར་ནུས་ལྡན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད་པ་རེད།

    ཧྥ་ལ་ཧོ་སློབ་གྲྭ་ནི་ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་ཚོགས་པས་སྐྲུན་འགན་འཁུར་བའི་དཔེ་སྟོན་སློབ་གྲྭའི་རྣམ་གྲངས་ཁྲོད་ཀྱི་ལས་མཇུག་འགྲིལ་ནས་རྩིས་སྤྲོད་བྱས་པའི་སློབ་གྲྭ་ཐོག་མ་དེ་རེད། ན་ནིང་ཟླ་བ་དང་པོར་དབྱི་རག་གི་ཙུང་ལི་སུའུ་ཏ་ཉི་སློབ་གྲྭ་རྩིས་སྤྲོད་ཀྱི་མཛད་སྒོར་ཞུགས་པ་རེད། “ཧྥ་ལ་ཧོ་སློབ་གྲྭའི་རྣམ་གྲངས་རྩིས་སྤྲོད་ཐུབ་པ་ནི་དབྱི་རག་དང་ཀྲུང་གོའི་མཉམ་ལས་ཀྱི་ལམ་ཚད་རྡོ་རིང་ཞིག་རེད”སུའུ་ཏ་ཉི་ཡིས་དབྱི་རག་སྲིད་གཞུང་གིས་སློབ་གསོའི་སྒྲིག་བཀོད་མུ་མཐུད་ལེགས་སུ་གཏོང་བ་དང་སློབ་གསོའི་སྤུས་ཚད་ལེགས་སུ་བཏང་ནས་སློབ་མ་ཚོར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།