གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ནོར་གླིང་གྲོང་ཚོའི་ས་བབ་མཐོ་བའི་ཕྱི་རོལ་གྱི་གཞི་ཁྱོན་ཅན་གྱི་ཤིས་ཀྭ་འདེབས་འཛུགས་ལེགས་གྲུབ་བྱུང་བ།
ཤིང་ཏོག་ཤིས་ཀྭར་ལོ་ལེགས་བྱུང་། དམངས་ཀྱི་གདོང་ནས་འཛུམ་མདངས་འཕྱུར།
གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉ་མོ་ཤང་ནོར་གླིང་གྲོང་ཚོའི་ས་བབ་མཐོ་བའི་ཕྱི་རོལ་གྱི་ཤིས་ཀྭ་གཞི་ཁྱོན་ཅན་གྱི་འདེབས་འཛུགས་ལ་ལོ་ལེགས་བྱུང་ཡོད།
ནོར་གླིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་དབང་ཆོས་འཕེལ་གྱིས་ང་ཚོས་བཏབ་པའི་ཤིས་ཀྭ་དག་མངར་ཞིང་ཁུ་བ་མང་བ་མ་ཟད། ཁྱིམ་ལུད་མ་གཏོགས་ཞིང་སྨན་བརྒྱབ་མེད་པས། གནོད་མེད་ཀྱི་བཟའ་བཅའ་རང་ཡིན་ཞེས་རྒྱབ་ཀྱི་ཤིང་ཏོག་ལ་མཛུབ་མོ་འཛུགས་བཞིན་ཕྱི་རོལ་གྱི་ཤིས་ཀྭའི་ལྡུམ་རར་བསྡོམས་མུའུ་17ཡོད་པ་དེ་གྲོང་ཚོས་ཐུན་མོང་ཐོག་གཡོག་བྱེད་བྱེད་ཀྱི་ཡོད། ཟླ་བ་8པ་ནས་འཐུ་འགོ་བཙུགས་ཏེ་ཟླ་བ་9པའི་ཟླ་སྟོད་བར་རྒྱ་མ་ཁྲི་བཞི་ལྷག་ཙམ་བཏུས་ཚར་ཡོད། སྔོན་དཔག་བྱས་ན་ལོ་མཇུག་ཏུ་གྲོང་ཚོ་ཡོངས་ཀྱི་དུད་ཚང་42ཚང་མར་དངུལ་སྨར་སྒོར་སྟོང་ཕྲག་ཁ་ཤས་བགོ་འགྲེམས་ཐུབ་རེ་འདུག་ཅེས་བཤད།
ཕྱི་རོལ་གྱི་ཤིས་ཀྭའི་འདེབས་འཛུགས་སྐོར་གླེང་སྐབས་ནོར་གླིང་གྲོང་ཚོའི་མི་རྣམས་ལ་དེའི་ཐད་རྒྱུས་མངའ་ཆེན་པོ་ཡོད་པ་སྟེ། 2008ལོར་ནོར་གླིང་གྲོང་ཚོས་དཔལ་འབྱོར་གྱི་རིན་ཐང་ཅུང་མཐོ་བའི་ཤིས་ཀྭ་ཚོད་འདེབས་བྱས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད།
ཚེ་དབང་ཆོས་འཕེལ་གྱིས“གྲོང་ཚོའི་ས་ཞིང་མི་ཉུང་བ་ཞིག་བྱེ་མ་ཡིན་པས་ནས་ཀྱི་ཐོན་ཚད་ཀྱང་དེ་ཙམ་ཡག་པོ་མེད། ཡིན་ནའང་ཤིས་ཀྭའི་ངོས་ནས་བརྗོད་ན་བྱེ་མ་དེ་དག“གསེར་གྱི་ས་རྒྱུར”བརྩི་ཆོག་པ་མ་ཟད། འདི་གར་ཉི་འོད་འཕྲོ་ཡུན་རིང་བ་དང་ཉིན་མཚན་གྱི་དྲོད་གྲང་ཁྱད་པར་ཆེ་བས་ཕྱི་རོལ་དུ་ཤིས་ཀྭ་འདེབས་པར་རང་བྱུང་གི་ཆ་རྐྱེན་ལེགས་པོ་ལྡན་ཡོད”ཅེས་བཤད།
ཚེ་དབང་ཆོས་འཕེལ་གྱིས“དེ་གོང་ཤིས་ཀྭ་བཏབ་པ་ལས་ཕན་འབྲས་ངེས་ཅན་ཐོབ་ནའང་ད་དུང་ལག་རྩལ་བྱང་ཆུབ་པོ་མེད་པ་དང་། ཁྲོམ་རར་ཕྱིར་ཚོང་བྱེད་དཀའ་བ། ཉེན་ཁ་འགོག་ནུས་ཞན་པ་སོགས་ཀྱི་གནད་དོན་མང་པོ་འདུག”ཅེས་བཤད།
ཐོན་ལས་དར་རྒྱས་གཏོང་བ་ནི་གྲོང་གསེབ་དར་རྒྱས་ཀྱི་ལྟེ་བ་དང་གནད་འགག་ཡིན་པས་ཐོན་ལས་འཕེལ་རྒྱས་ཡག་པོ་བྱུང་ཚེ་གཞི་ནས་གྲོང་མིར་འབབ་འཕར་ཡོང་བར་སྐུལ་ཁྲིད་དེ་བས་ཡག་པ་བྱེད་ཐུབ། ཐུན་མོང་ཐོག་བརྡས་ཐག་བཅད་པ་བརྒྱུད། ནོར་གླིང་གྲོང་ཚོས་དེ་སྔའི་རྐྱང་རྒྱུག་རྐྱང་འཐབ་ཀྱི་ཤིས་ཀྭ་འདེབས་པའི་རྣམ་པར་འགྱུར་ལྡོག་དང་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ཏེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་ནས“ས་རྒྱུའི་ཐོན་ཁུངས”དེ“ཡོང་འབབ་ཡོང་ཁུངས་གཙོ་བོར”བསྒྱུར་རྒྱུའི་ཐག་བཅད་པ་རེད།
དམངས་ཀྱི་རེ་སྒུག་ནི་སྲིད་ཇུས་ཀྱི་ཁ་ཕྱོགས་ཡིན། ད་ལོའི་ཟླ་བ་4པར་བསམ་གྲུབ་རྩེ་ཆུས་ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུས་ཀྱིས་ཅུས་ཀྱི་ལག་རྩལ་རྐང་འཛིན་པ་སྒྲིག་འཛུགས་བྱས་ཏེ་ཀན་སུའུ་རུ་བསྐྱོད་ནས་སློབ་སྦྱོང་བྱས་པར་ས་བབ་མཐོ་བའི་ཕྱི་རོལ་དུ་ཤིས་ཀྭ་འདེབས་འཛུགས་བྱེད་པའི་འགག་རྩའི་ལག་རྩལ་ཚད་བརྒལ་བྱུང་བ་མ་ཟད། ནོར་གླིང་གྲོང་ཚོར་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་འདེབས་འཛུགས་ལ་མཛུབ་ཁྲིད་བྱས་ཏེ། དེ་བོད་ཀྱི་ཕྱི་རོལ་དུ་ཆུ་ལུད་གཞི་གཅིག་ཅན་གྱི་ཤིས་ཀྭ་འདེབས་འཛུགས་ལག་རྩལ་བེད་སྤྱོད་དང་གཞི་ཁྱོན་ཅན་གྱིས་འདེབས་འཛུགས་བྱས་པའི་གྲུབ་འབྲས་ཐོབ་པའི་ལག་ལེན་ཐོག་མར་གྱུར་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ནོར་གླིང་གྲོང་ཚོའི་ཕྱི་རོལ་གྱི་ཤིས་ཀྭ་སྣ་ཁ་5ཚོད་ལྟ་བྱས་ནས་བཏབ་ཡོད་པ་དང་མུའུ་རེའི་ཐོན་ཚད་ཆ་སྙོམས་རྒྱ་མ་4000ཙམ་ཟིན་ཡོད། དེའི་ནང་གི“ཅིན་ཁྲེང་ཨང་5པའི”ཤིང་འབྲས་རྐྱང་པ་རྒྱ་མ་20ལྷག་ཙམ་ཟིན་པ་དང་མུའུ་རེའི་ཐོན་ཚད་ཏུན་4ལས་བརྒལ་ཐུབ་ཀྱི་ཡོད།
ཚེ་དབང་ཆོས་འཕེལ་གྱིས་གོམ་སྟབས་རྗེས་མར་ནོར་གླིང་གྲོང་ཚོས་ས་ཞིང་གི་ནུས་པ་མུ་མཐུད་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ཕྱི་རོལ་དུ་ཤིས་ཀྭ་འདེབས་པའི་གཞི་ཁྱོན་འོས་འཚམ་རྒྱ་ཆེར་གཏོང་བ། “ཞིང་པའི་སྤྲོ་སྐྱིད་ཁང་དང་འཐུ་འཐོག་ཟུང་འབྲེལ”གྱི་རྣམ་གྲངས་གསར་སྤེལ་བཅས་བྱས་ཏེ། ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་གི་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།