དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཇོ་མོ་གླང་མའི་རི་འདབས་ཀྱི་བདེ་ཞིང་སྐྱིད་པའི་ཉམས་བཟང་།

    རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-28

    ཇོ་མོ་གླང་མ་བརྗིད་ཆགས་ཉམས་དང་ལྡན། ལོ་ངོ་དྲུག་ཅུ་ཡི་རིང་གི་སྤྱིར་བཏང་མིན་པའི་ལོ་ཟླ་ཟིན་ཐོར་བཀོད་པ་དང་མྱང་ཆུ་གཙང་པོ་ཤང་ཤང་དུ་བརྒྱུགས་ནས་ལོ་ངོ་60ཡི་འགྱུར་ལྡོག་ཆེན་པོའི་དཔང་པོ་བྱས། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་བྱམས་སྐྱོང་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་དང་འབད་འབུངས་ཡར་བརྩོན་བྱས་པ་བརྒྱུད། གཞིས་རྩེ་འདི་ཉིད་རྣམ་པ་གསར་རྐྱང་གི་ཐོག་ནས་ཇོ་མོ་གླང་མའི་རི་འདབས་དང་མྱང་ཆུ་གཙང་པོའི་ངོགས་སུ་འགྱིང་ངེར་གནས།

    ཐོན་ལས་དཔལ་འབྱོར།

    “ནས་ཀྱི་ཕ་ཡུལ”ནས“ཕྱོགས་ཡོངས་དར་རྒྱས”བར།

    རང་སྐྱོང་ལྗོངས་དབུ་བརྙེས་མ་ཐག་པའི་དུས་སུ། གཞིས་རྩེའི་ཞིང་ལས་ཐོན་སྐྱེད་ཐད“གནམ་ཆུ་སྒུག་པའི”རྣམ་པར་སྤྱིའི་ཆ་ནས་གནས་པ་དང་། 2024ལོར་གཞིས་རྩེ་གྲོང་ཁྱེར་གྱི་ནས་ཀྱི་ཐོན་ཚད་ཏུན་ཁྲི་42.5ཙམ་ཟིན་པ་དེས་ལྗོངས་ཡོངས་ཀྱི་སྤྱིའི་ཐོན་འབོར་གྱི་50%ཙམ་བཟུང་ནས་མིང་དོན་མཚུངས་པའི“བོད་ཀྱི་འབྲུ་མཛོད”དུ་གྱུར་ཡོད། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་16.6ཟིན་པ་དང་གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་སྣེ་འདྲེན་ཁེ་ལས་37ཟིན་ཡོད།

    ལོ་ངོ་60ཡི་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་རིམ་སྤོར་བྱེད་པ། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བཅས་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བཏང་ཡོད།

    ཞིང་ཚུགས་དང་། ཞིང་ཆེད། ཞིང་དར་བཅས་ལ་བརྟེན་ནས་ཞིང་འབྲོག་ལས་དེང་རབས་ཅན་དུ་ཕྱོགས་སྒྱུར་བྱུང་བ།

    བོད་ལྗོངས་ནས་ཀྱི་ཞིབ་འཇུག་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིར། ནས་འབྲུ་ཆེད་སྤྱོད་ཐོན་སྐྱེད་སྒྲུབ་རིམ་གཅིག་གིས་ལོར་ནས་ཕྱེ་སྤུས་ལེགས་ཏུན་ཁྲི་1.3དང་སྲོ་སྐམ་ནས་ཕྱེ་ཏུན་ཁྲི་2.6ཐོན་སྐྱེད་ཐུབ་ཀྱི་ཡོད།

    “རྨོན་མཛོ་དོར་སྦྲེལ”ནས་འཕྲུལ་ཆས་ཀྱིས་ལས་སྒྲུབ་བར་དང་། “གནམ་ཆུ་སྒུག་པ”ནས་བློ་རིག་ཞིང་ལས་བར། གྲོད་པ་རྒྱགས་ཆེད་ཀྱི་བཟའ་འབྲུ་ནས་ལས་སྣོན་སྣུར་སྲིང་བར་བཅས་ལོ་ངོ་60ཡི་རིང་གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་ལ་འཕོ་འགྱུར་བྱུང་ནས་དེང་རབས་ཅན་འཕེལ་རྒྱས་ཀྱི་ལམ་བུར་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ལེགས་ལྡན་ཐོན་ཁུངས་ལ་གཞི་ཚུགས་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་གམ་པའི་ལུག་དང་ཕག་རིའི་འབྲི་གཡག་ནས་པ་སྣམ་གྱི་སྔོ་ཚལ་དང་རྣམ་གླིང་གི་ཞོག་ཁོག་བར་དང་། “བློ་བསྟན”གྱི་རྩམ་པ་ནས“ཁམས་བཟང་ཞིམ་དག”ནས་ཀྱི་ཏན་ཞིམ་བར་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་རྟེན་གཞིའི་ཐོན་སྐྱེད་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་ཁྱད་ལྡན་ཐོན་རྫས་ཀྱི་སྤུས་རྟགས་ཟམ་མི་ཆད་པར་ཐོན་ནས་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ལས་དེང་རབས་ཅན་དུ་ཕྱོགས་སྒྱུར་ཡོང་བར་སྐུལ་འདེད་བཏང་ཡོད།

    ཐོན་ཁུངས་འབེལ་པོར་གཞི་ཚུགས་ཏེ་སྣ་མང་ཁྱད་ལྡན་ཐོན་ལས་མཉམ་དུ་འཕེལ་རྒྱས་བཏང་བ།

    ཁ་བས་ཡོངས་སུ་བཀླུབས་པའི་ཇོ་མོ་གླང་མའི་རྩེ་མོ་ནས་བརྗིད་ཉམས་ལྷག་པར་ལྡན་པའི་བཀྲས་ལྷུན་དགོན་པའི་བར་དང་དེ་ནས་ལང་ལོང་དུ་རྒྱུག་པའི་ཡར་ཀླུང་གཙང་པོའི་ཆུ་རྒྱུན་བར། གཞིས་རྩེས“རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ”ཟུང་དུ་འབྲེལ་བའི་ཡིད་དབང་འཕྲོག་ཤུགས་གཉིས་ལས་འཛམ་གླིང་གི་སྐྱེ་བོ་མང་པོའི་མིག་དབང་བཀུག་ཡོད། 2025ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར། གཞིས་རྩེ་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་405ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་20.678ཟིན་པ་དང་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་8.19ཟིན་ཡོད།

    གྲངས་གཞི་ལས་གསལ་པོར་མངོན་པ་སྟེ། 2024ལོར་གཞིས་རྩེ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་ནས་ནུས་རྒྱུ་གཙང་མའི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་55བཏང་བ་དང་། གློག་ཤུགས་ཀྱི་གློག་འདོན་ཚད་ཆན་ཝ་ཁྲི་160ཟིན་པ། དྲ་སྦྲེལ་གློག་ཁང་ནས་གློག་འདོན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་9.66བཅས་ཟིན་པ་དང་། ལྗང་མདོག་བཟོ་ལས་ལ་སྐུལ་འདེད་མགྱོགས་པོ་བཏང་བས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་19.2ལེགས་གྲུབ་བྱུང་བ་དང་ལྗང་མདོག་བཟོ་ལས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་40.13བཏང་བ། རིག་གནས་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་1242.3ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་70.7ཟིན་པ། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་རིམ་སྤོར་བྱས་པར་བོད་སྨན་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.2ཟིན་པ། དེང་རབས་ཞབས་ཞུའི་ལས་རིགས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བཏང་བས་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་20.19ཟིན་པ། མཐའ་མཚམས་ཉོ་ཚོང་ལས་རིགས་ཀྱི་ཟོག་འགྲེམས་ལས་སྒོ་འཕེལ་རྒྱས་བརྟན་པོ་བྱུང་ནས་འགག་སྒྲོལ་དངོས་ཟོག་ཏུན་ཁྲི་20.7ཟིན་པ་དང་དངོས་ཟོག་གི་རིན་ཐང་སྒོར་དུང་ཕྱུར་76.8ཟིན་ཡོད།

    སྒོ་དབྱེའི་རྣམ་པ།

    བགྲོད་ལམ་དཔལ་འབྱོར་ནས་ལྟེ་བའི་དཔལ་འབྱོར་བར།

    སྒོ་དབྱེའི་ས་ཁུལ་ལ་གསོན་ཤུགས་ལྷག་པར་ལྡན་པ་དང་སྒོ་དབྱེའི་དཔལ་འབྱོར་ལ་འགྲན་ནུས་ཆེན་པོ་ལྡན།

    གཞིས་རྩེ་གྲོང་ཁྱེར་ནི་རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་དབྱེ་བའི་སྒོ་མོ་གལ་ཆེན་ཞིག་ཡིན་པ་དང་ཕྱི་ཕྱོགས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྨང་གཞི་དང་ལེགས་ཆ་ལྡན་ཡོད། ལོ་ངོ་60ཡི་རིང་འཕེལ་རྒྱས་བཏང་བ་བརྒྱུད་གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ལྟེ་བར་བྱས་ཏེ་ལྟ་འདོམས་བྱེད་སྟངས་ཟམ་མི་ཆད་པར་གསར་གཏོད་ཀྱིས་འགྲམ་དང་། སྐྱིད་གྲོང་། ལེགས་རྩེ་སོགས་འགག་སྒོ་དང་མཉམ་འགུལ་བྱས་ཏེ“གཞི་གཅིག་ཅན་གྱི་འགག་སྒྲོལ”གྱི་ཞབས་ཞུ་ཁྱབ་གདལ་བཏང་ནས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་མཐོ་ས་ཧུར་ཐག་བཏོད་དེ། སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་ནས་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་གནས་བར་མཆོང་སྐྱོད་ཡོང་བར་སྐུལ་འདེད་བཏང་ཡོད།

    གསར་འགོད་པར་གཉའ་ནང་འགག་སྒོ་ནས་ཤེས་རྟོགས་བྱུང་བར། འགྲམ་འགག་སྒོ་འདི་ཉིད་ལོ་བཅུའི་གོང་གི་ནེ་པ་ལའི“4·25”ས་ཡོམ་ཆེན་པོ་བརྒྱབ་རྗེས་ཀྱི་འཕེལ་མེད་སོར་གནས་ཀྱི་རྣམ་པ་དེ་ཕྱི་ཕྱོགས་དང་འབྲེལ་མཐུད་དང་ནང་ཁུལ་དུ་ཉོ་ཚོང་ཤར་གཏོང་ཐུབ་པའི“བགྲོད་ལམ་ཡག་ཤོས”སུ་རིམ་བཞིན་སླར་གསོ་བྱུང་ཡོད། 2025ལོའི་ཟླ་5པའི་བར། ལོ་བཅུའི་རིང་རིམ་རྩིས་བརྒྱབ་ན་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་བྱེད་ཚད་ཏུན་ཁྲི་22.76ཟིན་པ་དང་ཉོ་ཚོང་རིན་ཐང་སྒོར་དུང་ཕྱུར་57.76ཟིན་པར་ལྟ་འདོམས་བྱས་པ་དང་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི་57ལྷག་ཙམ་ཟིན་ཡོད།

    གཞིས་རྩེ་ནི་བོད་ཀྱི་འགག་སྒོ་མང་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་ལ། ཀྲུང་གོ་དང་ནེ་པ་ལ་དང་ཀྲུང་གོ་དང་རྒྱ་གར་སོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་དང་མི་ཆོས་རིག་གནས་སྤེལ་རེས་ཀྱི་བགྲོད་ལམ་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ཁྲིད་སྟོན་དུ་མཐའ་འཁྱོངས་བྱས་ཏེ་སྐྱིད་གྲོང་གི“ཁུལ་གཉིས”གཙོ་གནད་དུ་བྱེད་པ་དང་། འགག་སྒོ་བརྟེན་སར་བྱེད་པ། མཐའ་མཚམས་ཚོང་འདུས་གྲོང་ཁྱེར་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་སྒོ་དབྱེའི་ལས་སྟེགས་མ་ལག་འཛུགས་སྐྱོང་དང་ནུས་པ་བཀོད་སྒྲིག་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་དང་ཆུ་ཚད་མཐོ་བའི་སྒོ་དབྱེའི་ནུས་པ་རིམ་སྤོར་ལའང་སྐུལ་འདེད་བཏང་ཡོད།

    2025ལོའི་ཟླ་6པའི་ཟླ་མཇུག་ཏུ་ལྗིད་ཚད་ཏུན་3.36དང་ཚོང་ཟོག་རིན་ཐང་སྒོར་ཁྲི་5.43ཟིན་པའི་བོད་རང་གི་དབང་ལྡན་ནས་ཀྱི་ཐོན་རྫས་ཁག་གཅིག་གཞིས་རྩེ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཕྱིར་གཏོང་དཔྱད་བཤེར་ར་བར་འགག་སྒྲོལ་འགྲོ་ལུགས་གཉེར་ཏེ་ཕྱི་རྒྱལ་གྱི་ཁྲོམ་རར་བདེ་བླག་ངང་བཏང་བ་རེད།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཞིས་རྩེར“ས་ཁོངས་ཀྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ལྟེ་གནས་གྲོང་ཁྱེར”གྱི་འཐབ་ཇུས་ངེས་གནས་བསྩལ་ནས“གཞིས་རྩེར་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་འཛུགས་པའི”རེ་བ་སྔར་བས་ཆེ་བ་བཅོལ་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས་སྒོ་དབྱེའི་ཆུ་ཚད་དང་། གཞི་ཁྱོན། སྤུས་ཚད་དང་ཕན་འབྲས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ་འགག་སྒོའི་སྒོ་དབྱེའི་བྱེད་ནུས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་ཞིང་། ཚོང་དོན་གྱི་གཞི་ཁྱོན་དང་ཆུ་ཚད་སྐས་རིམ་གསར་པར་སླེབས་པ་དང་ཆུ་ཚད་མཐོ་བའི་སྒོ་དབྱེའི་གོམ་པ་བརྟན་པོ་སྤོས་ཡོད། ད་ལོའི་ལོ་སྟོད་དུ་གཞིས་རྩེ་གྲོང་ཁྱེར་གྱི་ནང་འདྲེན་དང་ཕྱིར་གཏོང་གི་རིན་ཐང་སྒོར་དུང་ཕྱུར་17.8ཟིན་པ་དེས་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་41%བཟུང་ཡོད།

    དམངས་འཚོའི་བདེ་རྩ།

    ལྟོ་གོས་མི་འཛོམས་པ་ནས་འབྱོར་ཕྱུག་བདེ་སྐྱིད་བར།

    གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ཚུན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གཟིགས་སྐྱོང་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གཞིས་རྩེ་གྲོང་ཁྱེར་གྱིས་ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་མགྱོགས་མྱུར་བྱས་ཤིང་། ཏང་སྲིད་དམག་ཉེན་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་ཕྱོགས་བཞི་མཚམས་བརྒྱད་ནས་མཉམ་དུ་བྱ་སྤྱོད་སྤེལ་ཏེ། ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་གོ་རིམ་ལྡན་པའི་ངང་བསྒྲུབས་པ་མ་ཟད། སྔར་བས་བདེ་འཇགས་ཡིན་ལ་མཛེས་སྡུག་ལྡན་པའི་གྲོང་ཚོ་གསར་པའང་རེ་རེ་བཞིན་བསྐྲུན་ཡོད།

    “སྲིད་གཞུང་གིས་དྲོད་གཏོང་འདུ་འགོད་ཉིད་དམངས་འཚོའི་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ་ང་ཚོས་མིག་གིས་མཐོང་ཞིང་ཕན་པའང་ཐོབ་བྱུང་། ད་ཆ་དགུན་ཁའི་གྲང་ངར་ལ་སེམས་ཁྲལ་བྱེད་དགོས་མེད”ཅེས་བསམ་གྲུབ་རྩེ་ཆུས་ཀྱི་གྲོང་མི་བཀྲ་ཤིས་ཀྱིས་དགའ་ཚོར་ཆེན་པོས་བཤད། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ས་བབ་མཐོ་བའི་རྫོང་གྲོང་གི་ནུས་རྒྱུ་གཙང་མའི་དྲོད་གཏོང་འདུ་འགོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་ས་བབ་མཐོ་བའི་རྫོང་གྲོང་8ལ་གཅིག་སྡུད་དྲོད་གཏོང་འདུ་འགོད་ལག་བསྟར་བྱས་ཡོད།

    ལྕི་བ་འབུད་ཤིང་དུ་བྱེད་པ་ནས་གློག་གི་དྲོད་རླངས་ནས་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་གཏོང་བར་གྱི་དྲོད་གཏོང་སྟངས་ལ་འགྱུར་ལྡོག་བྱུང་བ་ནི་གཞིས་རྩེ་གྲོང་ཁྱེར་གྱིས་དམངས་འཚོ་ལེགས་སུ་གཏོང་བར་གཞོལ་བའི་ཞིབ་ཕྲའི་བྱ་སྤྱོད་ཡིན་ལ། ལོ་ངོ་60ཡི་རིང་གྲོང་ཁྱེར་དེ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་ལེགས་སུ་ཕྱིན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་དེ་བས་ཀྱང་རེད།

    སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་ཤོས་ཀྱི་དམངས་འཚོའི་བདེ་རྩ་རེད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་གཏོད་རྒྱུར་དམིགས་ཏེ་མཛེས་སྡུག་ལྡན་པའི་གཞིས་རྩེ་འཛུགས་སྐྲུན་ཐད་རྒྱ་སྐྱེད་ཧུར་ཐག་བཏང་བས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་སོང་ཡོད། 2024ལོའི་བར་གྲོང་ཁྱེར་དེ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཚད་99.7%ཟིན་པ་དང་། གཙང་པོ་དང་། ཆུ་བོ། མཚོ་བཅས་ཀྱི་ཆུ་སྤུས་ཚད་གཞིར་ལོན་པའམ་ཡང་ན་རིགས་གསུམ་པའི་ལེགས་པའི་ཆུ་གཟུགས་ཀྱི་བསྡུར་ཚད་100%རྒྱུན་འཁྱོངས་ཐུབ་པ་དང་། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ཚད་གཞིར་ལོན་ཚད་100%རྒྱུན་འཁྱོངས་ཐུབ་པ། ས་རྒྱུའི་ཁོར་ཡུག་རྒྱུན་མཐུད་བརྟན་པོ་བྱུང་བ་བཅས་རེད།

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས“གཟུགས་བརྙན་གཏོད་པ”དང“བློ་སྦྱོང”གལ་མཉམ་འཛིན་བྱེད་པ་དང་དེ་བཞིན“མཛེས་སྡུག”དང“གནས་འཕྲོད”མཉམ་སྤེལ་མཐའ་འཁྱོངས་བྱས་ཏེ།“འདུ་འགོད་ཁྲི་སྟོང”གི་ཉམས་མྱོང་དང་ས་མཐོའི་ཁྱད་ལྡན་མཉམ་འདྲེས་ཟབ་མོ་ཡོང་བར་བྱས་ཤིང་། གྲོང་གསེབ་ཀྱི་མཁྲེགས་ཆས་ལེགས་གཏོང་དང་མཉེན་ཆས་རིམ་སྤོར་ལ་སྤྱི་འདོམས་བྱས་ནས་གནས་འཕྲོད་ལས་དར་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཕྱོགས་ཡོངས་ནས་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།