དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཡོ་རོབ་དང་ཀྲུང་གོས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་རྒྱག་དགོས”

    སི་ཕེན་གུང་ཁྲན་ཏང་གི་ཀྲུའུ་ཞི་སེན་ཐེ་ལི་ཡཱར་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལིའུ་ཅུན་གོ   |     སྤེལ་དུས།  2025-09-27

    ཧོ་སའེ·ལུའུ་དབྱི་སི·སེན་ཐེ་ལི་ཡཱ།

    “མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག གོ་ལ་ཧྲིལ་པོའི་ཤེས་དཔལ་གླེང་མོལ་བྱེད་པར་དོན་སྙིང་ཆེན་པོ་ལྡན་ཡོད”ཅེས་སི་ཕེན་གུང་ཁྲན་ཏང་གི་ཀྲུའུ་ཞི་ཧོ་སའེ·ལུའུ་དབྱི་སི·སེན་ཐེ་ལི་ཡཱ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་སྐབས་དེ་ལྟར་བརྗོད་ཅིང་། ཁོང་གིས། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་རྒྱུར་གཞོལ་བའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཐབ་ཇུས་ཀྱི་གཟིགས་རྒྱང་འདིར་མི་རྣམས་ཡིད་སྨོན་སྐྱེ་འོས་པ་ཞིག་ཡོད། རྒྱལ་ཁབ་ཁག་གི་དམངས་ཚོགས་ཀྱི་རིག་གནས་རྒྱབ་ལྗོངས་མི་གཅིག་རུང་། འཛམ་གླིང་ཞི་བདེ་དང་དར་རྒྱས་དོན་གཉེར་བྱེད་པའི་དམིགས་ཚད་གཅིག་པ་ཡིན། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གླེང་མོལ་བརྒྱུད། ཕྱོགས་ཁག་དབར་ལྟ་བ་མཉམ་སྤྱོད་བྱས་ནས་ཞི་བདེའི་རེ་འདུན་མཚོན་པར་བྱེད་པ་དང་གནད་དོན་ཐག་གཅོད་ཀྱི་བྱ་ཐབས་ལ་དཔྱད་བསྡུར་བྱེད་པ་ནི་ཕྱོགས་ཁག་གི་ཡིད་ཆེས་བརྟན་དུ་འགྲོ་བ་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ཕན་པའི་བྱ་ཐབས་དེ་བས་མང་བ་ཐོན་པར་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་ཅེས་བརྗོད།

    དེ་སྔོན་སེན་ཐེ་ལི་ཡཱ་ཀྲུང་གོར་འཚམས་འདྲི་གནང་བར་ཐེངས་མང་ཕེབས་མྱོང་བས་ཀྲུང་གོ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པའི་དཔང་པོ་བྱེད་ཐུབ། ཁོང་གིས“ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས་བཅོས་སྐྱོང་སོགས་ཁྱབ་ཁོངས་སུ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པར་མི་རྣམས་ཡིད་སྨོན་བྱེད་ཀྱི་ཡོད”ཅེས་བརྗོད། ཁོང་གིས“ཀྲུང་གོའི་སྐྱེ་ཁམས་སྲུང་སྐྱོང་དང་། གྲོང་གསེབ་དར་རྒྱས། ཚན་རྩལ་གསར་གཏོད་སོགས་ཀྱི་ཁྱབ་ཁོངས་ཀྱི་ཡར་རྒྱས་ལས་ངར་བག་ཆགས་ཟབ་མོ་བྱུང་། ཀྲུང་གོའི་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱལ་ཁབ་གཞན་དག་གིས་དཔྱད་གཞིར་འཛིན་རིན་ཡོད”ཅེས་བརྗོད།

    མིག་སྔར། གོ་ལ་ཧྲིལ་པོའི་ས་འབྲེལ་ཆབ་སྲིད་ཛ་དྲག་ཏུ་ཕྱིན་ནས་ཚོང་དོན་དང་སྒོ་ཁྲལ་གྱི་བཀག་རྒྱ་རྒྱུན་ཆད་མེད་པར་མང་དུ་འགྲོ་གི་ཡོད། སེན་ཐེ་ལི་ཡཱ་ཡིས། “ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ནི་ཀྲུང་གོས་འཛམ་གླིང་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་རེད་ལ། རྒྱལ་ཁབ་ཁག་གིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁེ་ཕན་དང་རྒྱལ་སྤྱིའི་སྤྱི་ཚོགས་སྤྱི་ཡོངས་དར་རྒྱས་ཡོང་རྒྱུ་མཐུན་སྦྱོར་བྱེད་པར་ཁ་ཕྱོགས་གསལ་སྟོན་ཡང་བྱས་ཡོད་པས། དེང་གི་འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་འཛམ་གླིང་ལ་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་བརྗོད། ཁོང་གིས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དང་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་ཡིན་པའི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་རང་ངོས་འཕེལ་རྒྱས་གཏོང་རྒྱུ་མིའི་རིགས་འཕེལ་རྒྱས་གཏོང་བའི་གནས་ཚད་མ་ལག་ནང་བཅུག་སྟེ། ཐོག་མཐའ་བར་གསུམ་དུ་རང་ངོས་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་འཕེལ་རྒྱས་ལ་གོ་སྐབས་གསར་པ་བཏོད་དེ་འགན་འཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་གོ་ལ་ཧྲིལ་པོར་འཛིན་པའི་མཐོང་རྒྱ་དང་། མིའི་རིགས་ཀྱི་བརྩེ་བ། རྒྱལ་ཁབ་ཆེན་པོའི་འགན་སེམས་བཅས་གང་ལེགས་མངོན་ཡོད་ཅེས་བརྗོད།

    ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་དབར་ཕྱི་འབྲེལ་བཙུཌ་ནས་ལོ་ངོ་50འཁོར་བའི་ལོ་ཡིན། སེན་ཐེ་ལི་ཡཱས། ཀྲུང་གོའི་གྲོགས་པོ་བཟང་པོ་ཞིག་ཡིན་པའི་ངོས་ནས་སི་ཕེན་གྱིས་རིག་གནས་དང་དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་ཡོ་རོབ་དང་ཀྲུང་གོའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད། “ཡོ་རོབ་ཀྱི་དམངས་ཚོགས་དེ་བས་མང་བ་ཀྲུང་གོར་བསྐྱོད་ནས་ཀྲུང་གོའི་སྒོ་དབྱེའི་ཁྲོམ་ར་དང་བསྟུན་མཁས་ཀྱི་སྤྱི་ཚོགས་དངོས་སུ་མྱོང་རོལ་བྱས་ཏེ་དྲང་གཞག་དང་དཔྱོད་ཤེས་ཀྱི་སྒོ་ནས་ཀྲུང་གོའི་འཕེལ་རྒྱས་ལ་ལྟ་སྟངས་འཛིན་རྒྱུའི་རེ་བ་ཡོད”ཅེས་སེན་ཐེ་ལི་ཡཱས་བརྗོད་པ་དང་། ལོ་ངོ་5000ལྷག་གི་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱི་ཤེས་དཔལ་གྱིས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་ཡོད། ཡོ་རོབ་ལའང་ལོ་རྒྱུས་ཡུན་རིང་དང་ཕུན་སུམ་ཚོགས་པའི་རིག་གནས་ཡོད། “ཡོ་རོབ་དང་ཀྲུང་གོས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས”ཞེས་སེན་ཐེ་ལི་ཡཱས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།