ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་ས་བོན་མི་དེ་བས་མང་བའི་སེམས་ནང་མྱུ་གུ་འབུས་ནས་འབྲས་བུ་སྨིན་ཐུབ་པར་བྱེད་དགོས།
ཉེ་ཆར། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་དང་ཚན་རྩལ་པུའུ་ཡིས་གཙོ་གཉེར་བྱས་པའི“རྒྱུད་གཅིག་ལམ་གཅིག”གཞོན་ནུ་ལོ་ཆུང་གི་གསར་གཏོད་པའི་སྒར་ས་དང་དགེ་རྒན་གྱི་བགྲོ་གླེང་བྱེད་སྒོ་སྐབས་དགུ་པ་ཉིང་ཞ་རུ་འཚོགས་པ་རེད། ཀྲུང་གོ་དང་ཕྱི་རྒྱལ་གྱི་གཞོན་ནུ་ལོ་ཆུང་དང་ཚན་རྩལ་དགེ་རྒན་120ཡིས“ལྗང་མདོག་སྲུང་བཅད་བསྐྲུན་ནས་ཚན་རྩལ་གྲུབ་འབྲས་ལོངས་སུ་སྤྱོད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་ཚན་རྩལ་དང་། རིག་གནས། གསར་གཏོད་བཅས་འབྲེལ་ཐག་ཏུ་བྱས་ནས་སྣ་མང་ཅན་གྱི་ལག་ལེན་འཚོལ་ཞིབ་དང་ཉམས་ལེན་བྱས་པ་རེད།
ཉིང་ཞ་ཚན་རྩལ་ཁང་གི་གསར་གཏོད་པའི་སློབ་ཚན་ཐོག རྒྱལ་ཁབ་ཁག་གི་གཞོན་ནུ་ལོ་ཆུང་གིས་ཆེད་ལས་མི་སྣའི་མཛུབ་ཁྲིད་འོག་བསམ་གཞིག་དང་ལག་ལེན་ཧུར་ཐག་བྱས་པ་རེད། ཧིན་རྡུ་ཉི་ཞི་ཡའི་གཞོན་ནུ་ཧུའུ་ཅན་ཧྥུང་གིས“སློབ་ཚན་དེ་དག་ནང་རྙོག་འཛིང་ཆེ་བའི་ལག་རྩལ་དག་སྤྲོ་སྣང་ལྡན་པའི་ཚོད་ལྟའི་ཐོག་ནས་ཁྲིད་སོང་བས་རྒྱལ་ཁབ་གཞན་གྱིས་གཞོན་ནུ་ལོ་ཆུང་གི་ཤེས་བྱའི་ནུས་པ་གསོ་སྦྱོང་གཉེར་སྐབས་དཔྱད་གཞིར་འཛིན་རིན་འདུག”ཅེས་བཤད།
བྱེད་སྒོའི་ཁྲོད་གཞོན་ནུ་ཚོ་སའེ་ཧྲང་དཀར་ཆུ་ཚད་ཡོད་འགན་འཁྲི་ཀུང་སིའི་རིག་ནུས་ཅན་གྱི་ཐོན་སྐྱེད་འཁོར་ཁང་དུ་བསྐྱོད་དེ། ཆ་ཚང་རང་འགུལ་རྒྱུད་མཐུན་ལས་རིམ་གྱི་ལས་སྒྲུབ་ལ་ལྟ་ཞིབ་བྱས་ནས་གོ་ལ་ཧྲིལ་པོར་སྔར་མེད་གསར་གཏོད་ཀྱི་དྲོད་དམའི་སྐྱི་དབྱེ་འབྱེད་ལག་རྩལ་ཤེས་རྟོགས་བྱས་པ་དང་། ཁྲང་ཧྲེང་འོད་ཤུགས་ཚན་རྩལ་སྐྱེ་ཁམས་གླིང་གི་ཀྲོ་མ་ཀྲུའི་དྲོད་ཁང་ནང་རིག་ལྡན་ཞིང་ལས་ཀྱི་ལྗང་མདོག་དང་ནུས་ཆེ་ཤེས་ཚོར་ཐུབ་ནས་ས་མེད་འདེབས་གསོ་བྱས་པའི་ཀྲོ་མ་ཀྲུ་ཆུང་ཆུང་སོགས་དང་དྲན་རྟེན་པར་བརྒྱབ་ཡོད། “ཚན་རྩལ་ཁྱབ་ཁོངས་ཐད་ཀྲུང་གོས་ལག་རྩལ་གསར་ཤོས་ལས་ཚད་བརྒལ་བྱ་རྒྱུར་དོན་གཉེར་བྱེད་པ་མ་ཟད། ད་དུང་ལག་རྩལ་དེ་གནད་དོན་དངོས་ཐག་གཅོད་བྱེད་པའི་ལག་ཆར་བསྒྱུར་རྒྱུར་སྣང་ཆེན་བྱས་ཏེ། གསར་གཏོད་གྲུབ་འབྲས་དེ་ཐོན་སྐྱེད་དང་འཚོ་བར་དངོས་འབྲེལ་ཞབས་འདེགས་ཐུབ་པ་བྱེད་ཀྱི་ཡོད་པ་རེད”ཅེས་ཧིན་རྡུ་ཉི་ཞི་ཡའི་དགེ་རྒན་ཅི་ལིན་ཏེ་ལཱ·ཨ་ཏི་ཡ་ཕུའུ་ལ་ཏ་ནཱ་ཡིས་བཤད།
ཉིང་ཞ་རུ་མུའུ་ཁྲི་40ཡི་བེད་མེད་གཏེར་ཁུལ་དང་བྱེ་ཐང་དེ་རྒུན་འབྲུམ་གྱི་འདེབས་འཛུགས་རྟེན་གཞིར་གྱུར་པ་དང་ལེ་ལག་ཚང་བའི་ཐིགས་ཆུ་གཏོང་བའི་ལག་རྩལ་གྱིས་ལོར་ཆུ་ཏུན་ཁྲི་1500གྲོན་ཆུང་ཐུབ་པ་དང་ས་ཆུ་ཤོར་ཚད་རྒྱ་ཁྱོན་60%ཉུང་དུ་ཕྱིན་ཡོད། འདི་གའི་རྒུན་འབྲུམ་ཨ་རག་ཐོན་ལས་ཀྱིས་རླུང་འགོག་བྱེ་འཇགས་ཀྱི་ལྗང་མདོག་སྲུང་བཅད་བསྐྲུན་པ་མ་ཟད། ད་དུང་དམངས་ཕྱུག་ལམ་བུ་ཞིག་ཀྱང་བཏིང་ཡོད། རྒུན་འབྲུམ་ཨ་རག་ཐོན་ལས་ཀྱིས་ལོ་ལྟར་ས་གནས་དེ་གའི་ཞིང་པར་ལས་གནས་འབོར་ཆེན་མཁོ་འདོན་བྱས་ནས་ས་གནས་དེ་གའི“སྔོ་འགྱུར”དང་ཞིང་པ“ཕྱུག་འགྱུར”ལས་དོན་ལ་མཉམ་དུ་སྐུལ་འདེད་བཏང་ཡོད། ཐ་ཇིག་སི་ཐན་གྱི་གཞོན་ནུ་ཏུའུ་ཧྲན་གྱིས“བེད་མེད་གཏེར་ཁུལ་དེ་སྐྱེ་ཁམས་ཀྱི་སྔོ་ལྗོངས་སུ་གྱུར་པ་དང་ཨ་རག་སྙོལ་ཁང་གིས་ས་གནས་དེ་གའི་མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་ལ་རམ་འདེགས་བྱེད་པའི་ཀྲུང་གོའི་སྐྱེ་ཁམས་བཅོས་སྐྱོང་གི་བློ་གྲོས་ལ་ང་རང་གིས་བརྩི་འཇོག་བྱེད་ཀྱི་ཡོད་ལ་ཡིད་སྨོན་ཡང་སྐྱེ་གི་འདུག”ཅེས་བཤད།
ཧོ་ལན་རི་བོའི་བྲག་བརྐོས་རི་མོའི་རྗེས་ཤུལ་དུ་ངོ་མཚར་བའི“ཉི་མའི་ལྷའི”བྲག་བརྐོས་རི་མོ་ལ་རེག་ནས་གནའ་བོའི་མིའི་རིགས་ཀྱི་ཤེས་དཔལ་གྱི་རྗེས་ཤུལ་འཚོལ་ཞིབ་བྱས་པ་དང་། དབྱིན་ཁྲོན་ཧན་མེ་ལིན་སྒྱུ་རྩལ་ཁང་དུ་བྲག་བརྐོས་རི་མོའི་བཀབ་དཔར་སྦྱངས་ནས་དེང་རབས་གསར་རྩོམ་ལས་སྲོལ་རྒྱུན་སྒྱུ་རྩལ་ལ་བྱུང་བའི་གསོན་ཤུགས་ཉམས་ལེན་བྱས་པ། མཚན་མོའི་དུས་སུ་གློག་འོད་ཁྲ་ཆེམ་ཆེམ་གྱི་མན་ཕུའུ་གྲོང་རྡལ་དུ་བསྐྱོད་ནས་དབྱིངས་ཞུགས་རྣམ་པའི་འཁྲབ་སྟོན་ལ་མྱོང་རོལ་བྱས་པ་ལ་སོགས། ཕུན་སུམ་ཚོགས་པའི་རིག་གནས་ཉམས་ལེན་ཁྲོད་ཀྲུང་གོ་དང་ཕྱི་རྒྱལ་གྱི་གཞོན་ནུ་ཕན་ཚུན་དབར་ཤེས་རྟོགས་ཟབ་ཏུ་ཕྱིན་ཡོད། ཏུར་མེན་སི་ཐན་གྱི་གཞོན་ནུ་ཀུར་པན་གྱིས་ཐེངས་རྗེས་མར་གྲོགས་པོ་དང་མཉམ་དུ་ཉིང་ཞ་རུ་ཡོང་ནས་ཐུན་མིན་གྱི་ཀྲུང་གོའི་རིག་གནས་མུ་མཐུད་ཉམས་སུ་མྱོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
“ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་བློ་བསྐྱེད་མང་པོ་བྱུང་། རང་སོ་སོའི་རྒྱལ་ཁབ་དང་ཀྲུང་གོས་དཔལ་འབྱོར་དང་། ཚན་རྩལ། ཞིང་ལས། སློབ་གསོ་སོགས་ཀྱི་ཁྱབ་ཁོངས་ནང་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་ས་བོན་མི་དེ་བས་མང་བའི་སེམས་ནང་མྱུ་གུ་འབུས་ནས་འབྲས་བུ་སྨིན་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་རྒྱལ་ཁབ་ཁག་གི་གཞོན་ནུ་ཚོས་གཅིག་རྗེས་གཉིས་མཐུད་ངང་བཤད། ཨེ་ཅིབ་ཀྱི་གཞོན་ནུ་དབྱི་སི་མེར་གྱིས“ལག་གདང་སྦྲེལ་ནས་བྱ་དངོས་གསར་པ་གསར་སྐྲུན་བྱས་ཏེ་སྤེལ་རེས་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་རྙེད་པ་བྱས་ནས་རྒྱལ་མཚམས་སྒྲོལ་བའི་འབྲེལ་བ་འཛུགས་རྒྱུ་ཡིན། ང་ཚོས་ཀྲུང་གོའི་གྲོགས་པོ་ཚོ་དང་ཡུན་རིང་འབྲེལ་གཏུག་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།