ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི།
ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རྟེན་འབྲེལ་གློག་འཕྲིན།
ཀྲུང་གུང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྲིད་གྲོས། ཤིན་ཅང་དམག་ཁུལ་ཁང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ལ།
ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་ལས་རིགས་ཁག་གི་མི་སྣ་དང་། ཤིན་ཅང་དུ་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་དང་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ། ཤིན་ཅང་དུ་བཅའ་སྡོད་ཀྲུང་དབྱང་ཚན་པའི་ལས་བྱེད་པ་དང་ལས་བཟོ་དང་ཤིན་ཅང་ལ་རོགས་སྐྱོར་གནང་མཁན་ལས་བྱེད་ཤེས་ལྡན་པ་ཡོངས། ཤིན་ཅང་གི་འཕེལ་རྒྱས་ཡར་ཐོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་བཅས་ཚང་མར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་དང་བྱམས་བརྩེའི་འཚམས་འདྲི་ཞུ་གི་ཡིན།
ཤིན་ཅང་ནི་གནའ་སྔ་མོ་ནས་བཟུང་རང་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། ཤིན་ཅང་གི་མི་རིགས་ཁག་ནི་ཀྲུང་ཧྭ་མི་རིགས་དང་ཤ་རུས་གཅིག་ཏུ་འདྲེས་པའི་ཁྱིམ་ཚང་གི་ཁོངས་མི་ཞིག་ཡིན། ཤིན་ཅང་གི་ལས་དབང་ནི་ཐོག་མཐའ་བར་གསུམ་དུ་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་པོར་འབྲེལ་ཡོད།
1955ལོར་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ཤིང་། དེ་ནི་ཀྲུང་གོ་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དང་ཤིན་ཅང་གི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་དོན་ཆེན་ཞིག་རེད། དེ་ལས་ཤིན་ཅང་གི་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་སྔར་བས་གཏོད་འགོ་ཚུགས་པ་མཚོན་ཡོད། ལོ་ངོ་70ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་རང་ཁྱིམ་རང་བདག་བྱས་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་བས། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ་དང་། ཤིན་ཅང་གི་རྣམ་པ་དང་ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་སྟེ། “ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོ། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས”པའི་གསོན་ཉམས་དོད་པའི་ལེའུ་བརྩམས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཤིན་ཅང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་གཏན་འཁེལ་དང་། ཡུན་རིང་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་དང་། རྨང་གཞིའི་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་ལས་དོན་རབ་དང་རིམ་པ་བཀོད་སྒྲིག་དང་སྐུལ་འདེད་བཏང་སྟེ། ཤིན་ཅང་གི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། ཤིན་ཅང་གིས་རྒྱལ་ཡོངས་དང་མཉམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་བསྐྱོད་ཡོད། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ཏེ། ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ཨང་དང་པོར་བཞག་ནས་ཤིན་ཅང་གི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པར་བྱས་ཡོད། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཉིན་རེ་བཞིན་འཕེལ་རྒྱས་ཕྱིན་པ་དང་། སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་ཕྱིན་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་རྐང་བརྟན་པོར་འཛུགས་པ་མཐའ་འཁྱོངས་བྱས་ཏེ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། ཏང་གི་མི་རིགས་སྲིད་ཇུས་དང་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་ཡང་དག་བྱས་པས། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་རྒྱ་ཁྱབ་ཕྱིན་ཡོད། རིག་དཔལ་ཤིན་སྐྱོང་གི་བྱེད་སྒོ་གཏིང་ཟབ་སྤེལ་བས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཚད་རྒྱུན་ཆད་མེད་པར་མཐོ་རུ་དང“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་པ་དང་། མེས་རྒྱལ་ནུབ་བྱང་གི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་ཏེ་ཤིན་ཅང་དུ་ཏང་གི་སྲིད་སྐྱོང་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད། ད་ཆ་ཤིན་ཅང་གི་ཐེན་ཧྲན་ལྷོ་བྱང་དུ་ལྷིང་འཇགས་ཞི་བདེ་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཞིག་མངོན་པ་དང་། མི་རིགས་ཁག་གི་མི་དམངས་རྣམས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་ཏང་གི་འགོ་ཁྲིད་འོག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མདུན་དུ་སྐྱོད་བཞིན་ཡོད།
ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ལོ་ངོ་70ཡི་རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པ་དང་ཉམས་མྱོང་ནི་ཧ་ཅང་རྩ་ཆེན་ཞིག་རེད། འདི་ནི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྐབས་རིམ་བྱུང་གི་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དྲིན་ཚོར་འབད་འབུངས་དང་སྙིང་རུས་བརྟན་འཁྱོངས་ཀྱིས་བརྩོན་ལེན་བྱས་པའི་འབྲས་བུ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་འབད་བརྩོན་དང་རོགས་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་བཅས་རེད། ཤིན་ཅང་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་མཛད་ཕྱོགས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་མཐའ་འཁྱོངས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་མཐའ་འཁྱོངས། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ་མཐའ་འཁྱོངས་བཅས་བྱས་ཚེ། ད་གཟོད་གཞི་ནས་ཤིན་ཅང་ཡུན་རིང་བདེ་འཁོད་དང་དར་རྒྱས་གོང་འཕེལ་ཡོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་ཐུབ།
དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གི་ལྟེ་བའི་ལས་འགན་ནི། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ཤིན་ཅང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཐོག་དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་ཀྱི་ཤིན་ཅང་གི་འཐབ་ཇུས་ངེས་གནས་ཁོང་དུ་ནན་པོ་ཆུད་པར་བྱེད་པ། ཤིན་ཅང་ལས་དོན་གྱི་སྤྱིའི་དམིགས་ཚད་དམ་པོར་འཛིན་པ། ཁྲིམས་ལྟར་ཤིན་སྐྱོང་དང་། མཐུན་སྒྲིལ་ཤིན་བརྟན། རིག་དཔལ་ཤིན་སྐྱོང་། དམངས་ཕྱུག་ཤིན་དར། ཡུན་རིང་ཤིན་སྐྲུན་བཅས་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཐུན་སྒྲིལ་ཞི་མཐུན་དང་། དར་རྒྱས་འབྱོར་ཕྱུག ཤེས་དཔལ་ཡར་ཐོན། བདེ་སྡོད་ལས་བརྩོན། སྐྱེ་ཁམས་བཟང་བ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཤིན་ཅང་ཧུར་ཐག་སྐྲུན་དགོས།
ཤིན་ཅང་དུ་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། སྲིད་ཁྲིམས་དཔུང་ཁག ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ནི་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན། ཤིན་ཅང་བརྟན་ལྷིང་དང་ཤིན་ཅང་དར་རྒྱས་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ཐོག་མཐའ་བར་གསུམ་དུ་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྲུང་སྐྱོང་དང་སྐུལ་འདེད་བཏང་སྟེ་དམག་སྲིད་མཐུན་སྒྲིལ་དང་། དམག་དམངས་མཐུན་སྒྲིལ། ཉེན་དམངས་མཐུན་སྒྲིལ། དམག་ས་མཐུན་སྒྲིལ་བཅས་སྲ་བརྟན་དང་དེར་ཤུགས་སྣོན་བརྒྱབ་ནས་ཤིན་ཅང་གི་སྒྱུར་འཕེལ་བརྟན་གསུམ་ལ་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས།
ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཡིད་ཆེས་བརྟན་པོ་དང་། བབ་བསྟུན་འཕྲལ་སྒྲུབ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། དངོས་སྒྲུབ་འབད་འཐབ་བཅས་བྱས་ནས་མེས་རྒྱལ་གྱི་ཤིན་ཅང་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་སྐྲུན་དགོས།
ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྟོབས་འབྱོར་མངའ་ཐང་རྒྱས་པའི་སྨོན་འདུན་ཞུ།
ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ།
ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་པོ་ཁྲི་ལོར་བརྟན་པར་ཤོག
ཀྲུང་གུང་ཀྲུང་དབྱང་དང་།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན།
རྒྱལ་སྲིད་སྤྱི་ཁྱབ་ཁང་།
རྒྱལ་ཡོངས་སྲིད་གྲོས།
ཀྲུང་དབྱང་དམག་ཨུད་བཅས་ཀྱིས།
2025ལོའི་ཟླ་9ཚེས་25ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་25ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང)
འབྲེལ་ཡོད་གསར་འགྱུར།