2025ལོའི་རྒྱལ་ཡོངས་ཀྱི“ཡིད་རྟོན་ཚོང་དར་དྲིལ་བསྒྲགས་ཟླ་བ”འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་9ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། 2025ལོའི་རྒྱལ་ཡོངས་ཀྱི“ཡིད་རྟོན་ཚོང་དར་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་ཧུའུ་པེ་ཞིང་ཆེན་ཞན་ཉིང་གྲོང་ཁྱེར་དུ་དངོས་སུ་སྤེལ་འགོ་ཚུགས་ཤིང་། བྱེད་སྒོས“ཁ་དན་ཚིག་གནས་ཀྱིས་ཁེ་ལས་དང་དམངས་ལ་ཕན་པ་འདོགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། དེའི་དམིགས་ཡུལ་ནི་ཡིད་རྟོན་རིག་གནས་དར་སྤེལ་དང་འཛད་སྤྱོད་ཁོར་ཡུག་ལེགས་སུ་བཏང་ནས་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།
2025ལོའི་རྒྱལ་ཡོངས་ཀྱི“ཡིད་རྟོན་ཚོང་དར་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་དེ་ཚོང་དོན་པུའུ་དང་། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་སོགས་སྡེ་ཚན་12ཀྱིས་ཐུན་མོང་ཐོག་སྤེལ་བ་ཞིག་རེད། བྱེད་སྒོ་དེ་2005ལོ་ནས་བསྟུད་མར་ལོ་21སྤེལ་ནས་ཡིད་རྟོན་གྱི་འདུ་ཤེས་ཁྱབ་གདལ་གཏོང་བ་དང་། ཡིད་རྟོན་གྱི་རིག་གནས་དར་སྤེལ་གཏོང་བ། ཡིད་རྟོན་གྱི་ཁོར་ཡུག་གཏོད་པ་བཅས་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཏུ་གྱུར་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། བྱེད་སྒོས་ཕྱོགས་ཁག་14ལ་དམིགས་ཏེ། ཡིད་རྟོན་དཔེ་མཚོན་འདེམས་སྒྲུག་དང་། ཡིད་རྟོན་གྲོས་འགོ་ཁྱབ་བསྒྲགས། ཡིད་རྟོན་ཤེས་བྱ་ཁྱབ་གདལ་སོགས་ཀྱི་རྣམ་པ་བརྒྱུད། ལས་རིགས་ཁག་ཏུ“ཡིད་རྟོན་ལ་སྣང་ཆེན་དང་། ཡིད་རྟོན་གལ་ཆེར་འཛིན་པ། ཡིད་རྟོན་སྲུང་བ”བཅས་ཀྱི་རྣམ་པ་ཟབ་མོ་ཆགས་པར་སྐུལ་འདེད་གཏོང་རྒྱུ་རེད། དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་རིང་ཚོང་དོན་པུས་ས་གནས་ཁག་གི་ཚོང་དོན་གཙོ་གཉེར་སྡེ་ཚན་ལ་མཛུབ་ཁྲིད་བྱས་ཏེ། གཙོ་གནད་ཞིང་ཆེན་10རུ“ཡིད་རྟོན་ཚོང་དར”གྱི་དངུལ་ཁང་དང་ཁེ་ལས་ཀྱི་འབྲེལ་མཐུད་བྱེད་སྒོ་སྤེལ་བ་དང་རྒྱལ་ཡོངས་ཀྱི་ཚོང་གཉེར་ཁུལ་གཙོ་བོ་20རུ“ཡིད་རྟོན་དམངས་ཕན”གྱི་བྱེད་སྒོ་སྤེལ་ཏེ། དམངས་དང་ཁེ་ལས་ལ་ཕན་པའི་གཟིགས་སྐྱོང་བྱེད་ཐབས་ཁག་གཅིག་བཏོན་ནས་ཡིད་རྟོན་ཁེ་སྤོགས་གང་ལེགས་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་རེད།
འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོ་ཚོང་ལས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་སོགས་རྒྱལ་ཡོངས་ཀྱི་གཙོ་གནད་ལས་རིགས་ཚོང་ལས་མཐུན་ཚོགས་ཁག་6གིས་ཡིད་རྟོན་གྲོས་འགོ་མཉམ་དུ་ཁྱབ་བསྒྲགས་བྱས་ཏེ། རྒྱ་ཆེའི་ཁེ་ལས་ལ་ཁ་དན་ཚིག་གནས་ཀྱི་ཁྲོམ་རའི་ཁོར་ཡུག་ཐུན་མོང་ཐོག་གཏོད་པའི་རེ་འབོད་བྱས་ཡོད། ད་ཐེངས་ཀྱི་བྱེད་སྒོའི་རིང་ཧུའུ་པེ་ཞིང་ཆེན་ཚོང་དོན་ཐིང་གིས་ཞན་ཉིང་གྲོང་ཁྱེར་སོགས་གྲོང་ཁྱེར་དང་ཀྲོའུ་དང་མཉམ་དུ“ཧུའུ་པེར་སྤྲོ་བས་ཉོ་ཚོང་བྱེད”ཅེས་པའི་སྟོན་དུས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།