སྟག་རྩེའི་གླིང་ཁའི་དཔལ་འབྱོར་འཕེལ་རྒྱས་བཟང་བ།
སྟག་རྩེ་ཆུས་ལ་རང་བྱུང་ཐོན་ཁུངས་དང་ལོ་རྒྱུས་རིག་གནས་ཕུན་སུམ་ཚོགས་པོ་ཡོད། ཅང་སུའུ་ཀྲེན་ཅང་གི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་རམ་འདེགས་འོག སྟག་རྩེའི“གླིང་ཁའི་དཔལ་འབྱོར”དེ་ས་གནས་དེ་གའི་གྲོང་གསེབ་ཡུལ་སྐོར་གྱི་གཅེས་ནོར་གསར་པ་ཞིག་ཏུ་གྱུར་ཡོད།
ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱིས་ས་གནས་དེ་གའི་ས་ཁམས་ཀྱི་ལེགས་ཆ་དང་མཛེས་སྡུག་ལྡན་པའི་རང་བྱུང་བཀོད་པར་བརྟེན་ནས། སྟག་རྩེ་ཆུས་ཁོངས་ཀྱི་གླིང་ཁའི་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་གིས“གྲོང་ཚོ་རེར་གླིང་ཁ་རེ”ཧུར་ཐག་བཏོད་ཡོད། དེ་དང་ཆབས་ཅིག ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཚོ་རེར་ཐབས་ཇུས་རེ་བཏོན་པ་དང་། སྲིད་གཞུང་གིས་རོགས་སྐྱོར་དང་ཡུལ་མི་ཞུགས་པའི་རྣམ་པའི་ཐོག་ནས་དོ་དམ་གཉེར་སྐྱོང་བྱས་ཏེ། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱིས་ཡུལ་སྐོར་དང་། རིག་གནས། ཐོན་ལས་བཅས་མཉམ་འདྲེས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། སྟག་རྩེ་དབྱིངས་གླིང་ཁའི་རྒྱ་ཁྱོན་ལ་མུའུ་40ཙམ་ཡོད་ཅིང་། དེ་ནི་སྟག་རྩེ་ཡུལ་སྐོར་འཕེལ་རྒྱས་མ་འཇོག་ཚད་ཡོད་ཀུང་སི་དང་སྟག་རྩེ་བཟོ་ལས་གླིང་མ་འཇོག་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིས་མ་རྩ་མཉམ་འཇོག་གིས་བསྐྲུན་པ་ཞིག་ཡིན་པ་དང་། ཁྱོན་མ་དངུལ་སྒོར་ཁྲི་300ཙམ་བཏང་ཡོད། དེ་ནི་བོད་ཀྱི་རིག་གནས་ཉམས་ལེན་དང་། ཁམས་གསོ། ཕ་མ་བུ་ཕྲུག་གི་བྱེད་སྒོ་སོགས་རིགས་ཆེན་པོ་བརྒྱད་གཅིག་ཏུ་འདུས་པའི་གྲོང་མིའི་སྤྲོ་གསེང་ཁུལ་ཞིག་རེད།
“ཏང་འཛུཌ་སྐྱོང་དང་ཐོན་ལས་ཟུང་འབྲེལ”གྱི་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱ་ཆེད། སྟག་རྩེ་ཆུས་ཀྱིས“གླིང་ཁའི་དཔལ་འབྱོར”དེ་ཉིད་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་དང་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་བློ་ཁ་ཕྱོགས་ནུས་དང་། གོང་བུ་སྒྲིལ་ཤུགས། འཐབ་འཛིང་བྱེད་ནུས་བཅས་ཆེ་རུ་གཏོང་བའི་འགན་སྲུང་གལ་ཆེན་ཞིག་ལ་བརྩིས་ནས། “གླིང་ཁའི་དཔལ་འབྱོར”འཕེལ་རྒྱས་མགྱོགས་མྱུར་འགྲོ་བར་སྐུལ་འདེད་བཏང་ཡོད། ཆ་གྲོང་ཚོ་ཨུ་ལྷན་གྱིས་མ་དངུལ་སྒོར་ཁྲི་20ལྷག་ཙམ་བཏང་ནས་གཙང་རྟོགས་ཤང་ཆ་གྲོང་ཚོའི་གླིང་ཁ་ཞེས་པའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་བསྐྲུན་ཏེ། བདེ་སྲུང་དང་། གཙང་སྦྲ། ཞབས་ཞུ་སོགས་ལས་ཞུགས་ལས་གནས་50ལྷག་ཙམ་མཁོ་འདོན་བྱས་པ་དང་། ཡུལ་མི་ཐག་ཉེ་སར་ལས་ཞུགས་འབབ་འཕར་ཐུབ་པར་སྐུལ་ཁྲིད་བྱས་ཤིང་། གཙང་རྟོགས་ཤང་ཆ་གྲོང་ཚོའི་གླིང་ཁ་དེ་ཉིད་སྟག་རྩེ་ཆུས་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།