དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་དབུ་ཚོགས་ལ་བརྙན་ལམ་ནས་ཤིས་ཚིག་གསུངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-09-26

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་དབུ་ཚོགས་ལ་བརྙན་ལམ་ནས་ཤིས་ཚིག་གསུངས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ད་ལོ་ནི《ཕ་རི་སིའི་གྲོས་ཆོད》བཞག་ནས་ལོ་10འཁོར་བའི་ལོ་ཞིག་ཡིན་ལ། རེས་སྐོར་གསར་པའི་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་དམིགས་ཚད་འབུལ་བའི་མཚམས་ཚིགས་གལ་ཆེན་ཞིག་ཀྱང་ཡིན་པས། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་དེ་འགག་རྩའི་དུས་མཚམས་སུ་སླེབས་ཡོད། གཅིག་ནས་ཡིད་ཆེས་བརྟན་དུ་གཏོང་དགོས། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ནི་དུས་རབས་ཀྱི་འཕེལ་ཕྱོགས་ཡིན། རྒྱལ་ཁབ་རེ་ཟུང་གིས་འཕེལ་ཕྱོགས་དེ་ལས་ལྡོག་སྟེ་བསྐྱོད་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་བྱས་ནས་གདེང་ཚོད་ལ་གཡོ་འགུལ་མི་ཐེབས་པ་དང་། བྱ་སྤྱོད་སྤེལ་མཚམས་མི་འཇོག་པ། ཤུགས་ཚད་ཆུང་དུ་མི་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་དམིགས་ཚད་བཟོ་བ་དང་ལག་ལེན་བསྟར་བར་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་མཉམ་ལས་ལ་དྲང་ནུས་དེ་བས་མང་བ་སྣོན་དགོས། གཉིས་ནས་རང་འགན་གཙང་སྒྲུབ་བྱེད་དགོས། དྲང་སྙོམས་དྲང་གཞག་མཐའ་འཁྱོངས་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དབང་ཆར་བརྩི་འཇོག་གང་ལེགས་བྱས་ཏེ། གོ་ལ་ཧྲིལ་པོའི་ལྗང་མདོག་ཕྱོགས་སྒྱུར་ལ་བརྟེན་ནས་ལྷོ་བྱང་དབར་གྱི་ཧེ་བག་ཆུང་དུ་གཏོང་དགོས་པ་ལས་ཆེ་རུ་གཏོང་མི་རུང་། རྒྱལ་ཁབ་ཁག་གིས་ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་སྔོན་ལ་ཉུང་འཕྲིའི་འོས་འགན་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་དེ་བས་མང་བ་བྱེད་དགོས། གསུམ་ནས་མཉམ་ལས་ཟབ་ཏུ་གཏོང་དགོས། ལྗང་མདོག་ལག་རྩལ་དང་ཐོན་ལས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ལྗང་མདོག་ཐོན་ནུས་ཀྱི་ཞན་ཆ་ཧུར་ཐག་གསབ་ནས་སྤུས་ལེགས་ལྗང་མདོག་ཐོན་རྫས་གོ་ལ་ཧྲིལ་པོར་རང་མོས་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱིས་འཛམ་གླིང་གི་ས་ཆ་ཚང་མར་དངོས་འབྲེལ་ཕན་པ་ཐོབ་པ་བྱེད་དགོས།

    ཞི་ཅིན་ཕིང་གིས་ཀྲུང་གོའི་རེས་སྐོར་གསར་པའི་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་དམིགས་ཚད་ཁྱབ་བསྒྲགས་གནང་བ་སྟེ། 2035ལོར་སླེབས་སྐབས། ཀྲུང་གོའི་དཔལ་འབྱོར་ཁྱབ་ཁོངས་ཡོངས་ཀྱི་དྲོད་ཁང་རླུང་གཟུགས་ཕྱིར་གཙང་འབུད་ཚད་མཐོ་ཤོས་ལས་7%ནས་10%བར་ཆག་པ་དང་། དེ་བས་ལེགས་པ་ཡོང་བའི་བརྩོན་ལེན་བྱེད་པ་དང་། རྫས་འགྱུར་དང་རྡོ་སོལ་མིན་པའི་ནུས་རྒྱུ་འཛད་སྤྱོད་ཀྱིས་ནུས་རྒྱུ་འཛད་སྤྱོད་བསྡོམས་འབོར་ལས་བཟུང་བའི་བསྡུར་ཚད་30%ཡན་ཟིན་པ། རླུང་གློག་དང་ཉི་ནུས་ཀྱི་གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་འདོན་ཚད་2020ལོའི་ལྡབ་6ཡན་ཟིན་ནས་ཆན་ཝ་དུང་ཕྱུར་36ཟིན་པའི་བརྩོན་ལེན་བྱེད་པ། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་240ཡན་ཟིན་པ། ནུས་རྒྱུ་གསར་པའི་རླངས་འཁོར་དེ་ཉིད་ཕྱིར་ཚོང་རླངས་འཁོར་གསར་པའི་འཕེལ་ཕྱོགས་གཙོ་བོར་འགྱུར་བ། རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་ར་འབུད་ཚད་མཐོ་བའི་ལས་རིགས་གཙོ་བོར་ཁེབས་པ་བཅས་བྱས་ཏེ། གནམ་གཤིས་འཕྲོད་མཐུན་ཅན་གྱི་སྤྱི་ཚོགས་གཞི་རྩའི་ཆ་ནས་སྐྲུན་ཐུབ་པ་བྱེད་རྒྱུ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདི་ནི་ཀྲུང་གོས《ཕ་རི་སིའི་གྲོས་ཆོད》ཀྱི་བླང་བྱ་གཞིར་བཟུང་འབད་བརྩོན་ཆེ་ཤོས་བྱས་ནས་བཟོས་པའི་དམིགས་ཚད་ཅིག་ཡིན། དམིགས་ཚད་འདི་ལེགས་འགྲུབ་བྱེད་པར་ཀྲུང་གོ་རང་ཉིད་ཀྱིས་དཀའ་སྤྱད་འབད་བརྩོན་བྱེད་དགོས་ལ། ཕན་ཡོད་དང་སྒོ་དབྱེའི་རྒྱལ་སྤྱིའི་ཁོར་ཡུག་ཀྱང་དགོས། ཀྲུང་གོར་ཁས་ལེན་ལེགས་གྲུབ་ཐུབ་པའི་ཆོད་སེམས་དང་གདེང་ཚོད་ཡོད། ཕྱོགས་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཕུགས་འདུན་བཟང་པོ་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་སྟེ། ང་ཚོ་ཐུན་མོང་གི་སའི་གོ་ལའི་ཁྱིམ་གཞིས་སྲུང་སྐྱོང་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།