དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་ནན་བཤད་གནང་དོན།

    དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་གྱིས་མཐུན་སྒྲིལ་ཞི་མཐུན་དང་། དར་རྒྱས་འབྱོར་ཕྱུག ཤེས་དཔལ་ཡར་ཐོན། བདེ་སྡོད་ལས་བརྩོན། སྐྱེ་ཁམས་བཟང་བ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཤིན་ཅང་ཧུར་ཐག་སྐྲུན་དགོས།

    ཝང་ཧུའུ་ཉིང་དང་ཚའེ་ཆི་སྙན་སེང་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-09-26

    ཟླ་9ཚེས་24ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་མཁན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཝུའུ་ལུའུ་མུའུ་ཆི་རུ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ནས་གསུང་བཤད་གལ་ཆེན་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་མཁན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚེས་24ཉིན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ཞིང་། ཁོང་གིས་ཤིན་ཅང་གིས་དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་དམ་འཛིན་ནན་པོ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ། ཀྲུང་དབྱང་གིས་གཏན་ལ་ཕབ་པའི“འཐབ་ཇུས་ཀྱི་ངེས་གནས་ཆེན་པོ་ལྔར”དམ་པོར་དམིགས་པ། སེམས་ནུས་གཅིག་སྒྲིལ་དང་སྙིང་རུས་གཏན་འཁྱོངས་བཅས་བྱས་ནས་མཐུན་སྒྲིལ་འཆམ་མཐུན་དང་། དར་རྒྱས་འབྱོར་ཕྱུག ཤེས་དཔལ་ཡར་ཐོན། བདེ་སྡོད་ལས་བརྩོན། སྐྱེ་ཁམས་བཟང་བ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཤིན་ཅང་ཧུར་ཐག་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70ཡི་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས། ཤིན་ཅང་གི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་རྒྱལ་ཡོངས་ས་གནས་ཁག་དང་མཉམ་དུ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་ལམ་གསར་པར་བསྐྱོད་ཡོད། ཁོང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིན་ཅང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་ཏེ། ཤིན་ཅང་གི་ཁྱད་ཆོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། ཁྱད་ཆོས་དང་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། འགྲན་རྩོད་ནུས་པ་ལྡན་པའི་ཐོན་ལས་ཚོ་འདུས་སྐྱེད་སྲིང་བྱེད་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་ཤུགས་ཆེ་རུ་བཏང་སྟེ་རིག་གནས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་དགོས། དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་ལྟེ་བའི་ཁུལ་སྐྲུན་པར་སྐུལ་འདེད་མགྱོགས་པོ་བཏང་སྟེ་རྒྱལ་ནང་དང་རྒྱལ་སྤྱིའི་གཉིས་འཁོར་ལ་སྐུལ་འདེད་གཏོང་རིང་ནུས་པ་དེ་བས་ཆེ་བ་འདོན་དགོས། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ་དེ་དམིགས་བསལ་གྱི་གནས་བབ་ལ་བཞག་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ནས། མི་རིགས་ཁག་གི་མང་ཚོགས་འཕེལ་རྒྱས་ཀྱི་འཕེལ་རིམ་ནང་རྒྱ་ཁྱབ་ཞུགས་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ཤིན་ཅང་གི་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། གཞི་རིམ་ལ་དམ་འཛིན་དང་། རྨང་གཞི་བརྟན་གཏོང་། རྩ་བ་བརྟན་འཛུགས་བཅས་མཐའ་འཁྱོངས་བྱས་ཏེ་འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ། རིག་དཔལ་ཤིན་སྐྱོང་ལ་ཤུགས་སྣོན་རྒྱག་པ། རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང་ལ་མཐོང་ཆེན་བཅས་བྱས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་པར་ཁྲིད་སྟོན་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་ཤིན་ཅང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་འགན་ལེན་ཡིན། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་དགོས། བརྟན་ལྷིང་འགན་སྲུང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་བྱེད་པའི་སློབ་ཁང་ཆེན་པོར་བརྩིས་ཏེ། རྒྱ་ཆེའི་ལས་བྱེད་པར་ལག་ལེན་ཁྲོད་དཀའ་ཉེན་ལ་མི་སྐྲག་པ་དང་འགག་སྒྲོལ་དཀའ་སེལ་བྱེད་པའི་སྙིང་སྟོབས་ལ་ཞུན་རྡར་ཐུབ་པར་བྱས་ནས། མང་ཚོགས་ལ་མཐུན་སྒྲིལ་དང་ཞབས་འདེགས་ཞུ་བ་དང་རྙོག་འཛིང་ཆེ་བའི་རྣམ་པར་ཁ་ལོ་སྒྱུར་བའི་འཇོན་ཐང་ཆེ་རུ་གཏོང་དགོས། གཞི་རིམ་རྩ་འཛུགས་ཕྱོགས་ཡོངས་ནས་སྟོབས་ཆེར་བཏང་སྟེ་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་བརྟན་དུ་བཏང་སྟེ། སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྐྲུན་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། པིང་ཐོན་ནི་ཏང་ཀྲུང་དབྱང་གི་ཤིན་ཅང་གི་ལས་དོན་སྐོར་གྱི་སྤྱིའི་དམིགས་ཚད་མངོན་འགྱུར་བྱེད་པའི་འཐབ་ཇུས་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། པིང་ཐོན་སྒྱུར་བཅོས་བྱེད་ཟབ་ཏུ་བཏང་སྟེ། པིང་ཐོན་གྱི་དོན་དངོས་དང་མཐུན་པ་དང་པིང་ཐོན་གྱི་ཁྱད་ཆོས་མངོན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་དགོས།

    ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཞའོ་ཅང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་ཞུས་པ་རེད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཨེར་ཁེན·ཐུའུ་ཉི་ཡ་ཙི་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཙུའུ་མུའུ་རེ་ཐི·ཝུའུ་པུའུ་ལི། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ནུར་ལན·ཨཱ་པུའུ་ཏུའུ་མན་ཅིན། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཆབ་སྲིད་ཨུ་ཡོན་ཧོ་ཀྲུང་ཡིའུ་བཅས་སྙན་སེང་ཚོགས་འདུར་ཞུགས་པ་རེད།

    ཝང་ཧུའུ་ཉིང་དང་། ཚའེ་ཆི། ལི་ཀན་ཅེ། ཧོ་ལི་ཧྥུང་། ཝང་ཞའོ་ཧུང་། ཞུའེ་ཁེ་ལའེ་ཐི·ཀྲ་ཁེར། ཧྲེན་དབྱི་ཆིན། ཝང་ཏུང་ཧྥུང་། ལིའུ་ཀྲེན་ལི་བཅས་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཡོངས། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་སྲིད་དམག་བཅས་ཀྱི་འགན་འཁུར་བློ་མཐུན་སོགས་སྙན་སེང་ཚོགས་འདུར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།