རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱིས།
《དམག་སྤྱོད་ས་ཆའི་དོ་དམ་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱིས《དམག་སྤྱོད་ས་ཆའི་དོ་དམ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་དང་། 2025ལོའི་ཟླ་11ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ།
《སྲོལ་ཡིག》གི་དམིགས་ཡུལ་ནི་དམག་སྤྱོད་ས་ཆའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། དམག་སྤྱོད་ས་ཆ་སྲུང་སྐྱོང་དང་བེད་སྤྱོད་ལུགས་མཐུན་བྱེད་པ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་ས་ཆའི་དགོས་མཁོ་འགན་ལེན་བཅས་བྱས་ཏེ་རྒྱལ་སྲུང་སྲ་བརྟན་དང་དམག་སྟོབས་དམག་དར་ཡོང་བར་རྨང་གཞིའི་ཐོན་ཁུངས་ཀྱི་འདེགས་སྐྱོར་བྱ་ཆེད་རེད། 《སྲོལ་ཡིག》དེར་ཁྱོན་དོན་ཚན་30ཡོད་ཅིང་། གཤམ་གསལ་གྱི་ནང་དོན་ཁག་གཙོ་གནད་ཐོག་གཏན་འབེབས་བྱས་ཡོད་པ་རེད།
གཅིག་ནས། དམག་སྤྱོད་ས་ཆར་གཅིག་བསྡུས་སྤྱི་འདོམས་བྱེད་པའི་ལམ་ལུགས་གཏན་འཁེལ་བྱེད་དགོས་ཤིང་། དམག་སྤྱོད་ས་ཆ་སྤྱོད་དབང་ཀྲུང་དབྱང་དམག་ཨུད་ལ་གཏོགས་པ་དང་ཀྲུང་དབྱང་དམག་ཨུད་རྒྱབ་ཕྱོགས་འགན་སྲུང་པུའུ་ཡིས་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་བྱས་ནས་ལག་བསྟར་བྱེད་དགོས། ཀྲུང་དབྱང་དམག་ཨུད་རྒྱབ་ཕྱོགས་འགན་སྲུང་པུའུ་ཡིས་དམག་སྤྱོད་ས་ཆ་བེད་སྤྱོད་ལ་སྤྱི་འདོམས་འཆར་འགོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དམག་སྤྱོད་ས་ཆའི་ཐོན་ཁུངས་བཀོད་སྒྲིག་ཡག་པོ་ཡོང་བར་ཁྲིད་སྟོན་བྱེད་དགོས།
གཉིས་ནས། དམག་དཔུང་འཛུགས་སྐྱོང་ལ་མཁོ་བའི་ས་ཆ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། དམག་དཔུང་འཛུགས་སྐྱོང་ལ་སྤྱོད་པའི་ས་ཆ་སྤྱོད་སྐབས་ཆེད་མངགས་བཞག་པའི་དམག་སྤྱོད་ས་ཆ་སྔོན་ལ་བེད་སྤྱོད་བྱེད་དགོས་པ་དང་། འཛུགས་སྐྲུན་ལ་མཁོ་བའི་ས་ཆ་མང་དུ་གཏོང་དགོས་རིགས་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་དང་། ས་ཆ་བེད་སྤྱོད་ཀྱི་ལོ་འཁོར་འཆར་གཞི། སྤྱོད་སྒོའི་རྩིས་སྤྲོད་དོ་དམ་སོགས་ཀྱི་བླང་བྱ་དང་མཐུན་དགོས་ལ་བེད་སྤྱོད་མེད་པའི་ས་ཆ་གང་ཐུབ་སྤྱོད་དགོས་པ་མ་ཟད། ཁྲིམས་ལྟར་འཛུགས་སྐྲུན་རྣམ་གྲངས་ལ་མཁོ་བའི་ས་ཆའི་འབྲེལ་ཡོད་འགྲོ་ལུགས་ཀྱང་གཉེར་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་དང་ས་ཆ་བེད་སྤྱོད་ཀྱི་ལོ་འཁོར་འཆར་གཞི་བཟོ་སྒྲིག་བྱེད་སྐབས། དམག་དཔུང་འཛུགས་སྐྱོང་ལ་མཁོ་བའི་ས་ཆའི་དགོས་མཁོ་འགན་སྲུང་བྱེད་པར་བསམ་གཞིགས་གང་ལེགས་བྱེད་དགོས་པ་མ་ཟད། དམག་དཔུང་གི་འབྲེལ་ཡོད་ཚན་པའི་བསམ་འཆར་བསྡུ་ལེན་ཡང་བྱེད་དགོས། རྒྱལ་ཁབ་ཀྱིས་དམག་དཔུང་འཛུགས་སྐྱོང་རྣམ་གྲངས་ལ་སྤྱོད་པའི་ས་ཆའི་དགོས་མཁོ་ཡོད་ཚེ་བརྡ་ཁྱབ་གཏོང་བ་དང་དམག་དཔུང་དང་ས་གནས་འབྲེལ་མཐུད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
གསུམ་ནས། དམག་སྤྱོད་ས་ཆ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། དམག་སྤྱོད་ས་ཆའི་གཡས་གཡོན་དུ་འབྲེལ་ཡོད་ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས་རིགས་ཀྲུང་དབྱང་དམག་ཨུད་ཀྱི་གཏན་འབེབས་ལྟར་ཆོག་མཆན་ཞུ་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་ཕན་བྱ་གཞག་ལས་དོན་སྤེལ་བ་སོགས་ཀྱི་རྐྱེན་པས་དམག་སྤྱོད་ས་ཆ་གཡར་དགོས་ཚེ་དམག་དཔུང་སྡེ་ཚན་དང་གྲོས་མཐུན་བཞག་སྟེ། གྲོས་མཐུན་ནང་ཁ་ཆད་བྱས་པའི་སྤྱོད་སྒོ་དང་དུས་བཀག་ལྟར་ས་ཆ་བེད་སྤྱོད་བྱེད་དགོས། དམག་སྤྱོད་ས་ཆ་བཙན་བཟུང་བྱེད་པ་དང་། སྦགས་བཙོག་བཟོ་བ། གཏོར་བརླག་གཏོང་བ་བཅས་གཏན་འགོག་བྱེད་དགོས།
བཞི་ནས། དམག་སྤྱོད་ས་ཆ་སྤྱོད་དབང་ཚད་ལྡན་དུ་གཏོང་དགོས་ཤིང་། དམག་དཔུང་ཚན་པས་དམག་དཔུང་དང་ས་གནས་ཀྱི་ས་ཆ་སྤྱོད་དབང་བརྗེ་ལེན་དང་བསྡུ་སྒྲིལ་ལམ་ཡང་ན་ས་གནས་ལ་དམག་སྤྱོད་ས་ཆ་སྤྱོད་དབང་སྒྱུར་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དམག་སྤྱོད་ས་ཆ་སྤྱོད་དབང་ཐག་གཅོད་བྱེད་ཆོག དམག་སྤྱོད་ས་ཆ་སྤྱོད་དབང་དེ་ཀྲུང་དབྱང་དམག་ཨུད་ཀྱི་གཏན་འབེབས་ལྟར་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་སྔོན་ལ་ས་ཆ་སྤྱོད་དབང་བརྗེ་ལེན་དང་བསྡུ་སྒྲིལ་བྱེད་ཐབས་སྤྱོད་དགོས། སྤྱི་པའི་ཁེ་ཕན་གྱི་དགོས་མཁོ་དང་། དམག་དོན་སྒྲིག་ཆས་བེད་མེད་དུ་བཏང་ནས་ས་ཆ་གཞན་དུ་སྤོ་སྐྲུན་བྱེད་པ། དམག་སྤྱོད་ས་ཆར་དམག་དོན་གྱི་བེད་སྤྱོད་རིན་ཐང་ཤོར་བ་སོགས་ཀྱི་གནས་ཚུལ་འོག་གཏན་འབེབས་ལྟར་ས་གནས་ལ་ས་ཆ་སྤྱོད་དབང་སྒྱུར་ཆོག་པ་མ་ཟད། ཁྲིམས་ལྟར་འགུལ་མེད་རྒྱུ་ནོར་གྱི་ཐོ་འགོད་ཀྱི་འགྲོ་ལུགས་ཀྱང་གཉེར་དགོས།
འབྲེལ་ཡོད་གསར་འགྱུར།