དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དྲིལ་བསྒྲགས་པུས་ཁྲུང་ཆིང་ཞིབ་དཔྱོད་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལས་དོན་ཚོགས་པའི་འཐུས་མིར“དུས་རབས་ཀྱི་མིག་དཔེའི”མཚན་སྙན་སྤྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-25

    ཉིན་ཤས་གོང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཁྲུང་ཆིང་ཞིབ་དཔྱོད་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལས་དོན་ཚོགས་པའི་འཐུས་མིར(གཤམ་དུ“ཁྲུང་ཆིང་ཞིབ་དཔྱོད་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ཚོགས་པའི་འཐུས་མི”ཞེས་བསྡུ་རྒྱུ)“དུས་རབས་ཀྱི་མིག་དཔེའི”མཚན་སྙན་སྤྲད་ནས། ཁོང་ཚོའི་སྔོན་ཐོན་བྱས་རྗེས་གཅིག་སྡུད་ཐོག་དྲིལ་བསྒྲགས་བྱས་པ་རེད།

    ཁྲུང་ཆིང་ཞིབ་དཔྱོད་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ཚོགས་པའི་འཐུས་མི་མེ་མེ་དང་། ཀུང་ཧྲན། ཐང་ཧོན་རན། ཝུའུ་པོ། ལི་ཧྥེ་པའེ། སུན་ཝུན་ཅིང་། ཝང་ལི་སོགས་བློ་མཐུན་7གྱིས་ན་སོ་དར་ལ་མ་བབས་པའི་མི་དང་འབྲེལ་བའི་གྱོད་གཞི་སྒྲུབ་གཉེར་དང་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་སོགས་ཀྱི་ལས་དོན་གཙོ་བོར་སྒྲུབ་བཞིན་ཡོད། ཁོང་ཚོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “ཕྲུ་གུ་ཚོ་འཚར་ལོངས་དེ་བས་ཡག་པོ་ཡོང་བ་བྱེད་པ་ནི་ང་ཚོའི་བསམ་འདུན་ཆེ་ཤོས་ཡིན”ཞེས་པའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ། ཁྲིམས་ལ་བརྟེན་ནས་ན་སོ་དར་ལ་མ་བབས་པའི་མིའི་འཚར་ལོངས་ལམ་བུ་སྲུང་བ། བརྩེ་སེམས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དྲོ་སྐྱིད་ཚོར་བར་བྱེད་པ། བཅའ་ཁྲིམས་ཀྱི་དོན་ཚན་ཁྲོད་ནས་ཁྲིམས་སྐྱོང་གི་དོན་སྙིང་རྟོགས་པ། ཁྲིམས་དང་གནད་ལུགས་བརྩེ་སེམས་བཅས་གཅིག་གྱུར་དམ་ཟབ་ཁྲོད་དྲང་གཞག་དྲང་བདེན་ཡོང་བ་བཅས་བྱས་ནས། ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་འཚར་ལོངས་ཡོང་བར་སྲུང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བ་མ་ཟད། ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ཁྱབ་ཁོངས་ཁྲོད་སྤྱི་ཚོགས་བཅོས་སྐྱོང་གི་ནུས་ཕྱོད་མཐོར་གཏོང་ལ་སྐུལ་འདེད་གཏོང་བར་ཡང་ནུས་པ་གལ་ཆེན་བཏོན་ཡོད། ཁོང་ཚོའི་ཁྲོད་མི་མང་པོ་ཞིག་ལ་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ་དང་། རྒྱལ་ཡོངས་ཀྱི་དཔེ་བཟང་ཞིབ་དཔྱོད་དཔོན། རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ། རྒྱལ་ཡོངས་ཀྱི་ལྔ་གཅིག་བུད་མེད་དཔེ་དམག་སོགས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད།

    “དུས་རབས་ཀྱི་མིག་དཔེའི”ཁྱབ་བསྒྲགས་མཛད་སྒོའི་ཐོག《ཁྲུང་ཆིང་ཞིབ་དཔྱོད་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལས་དོན་ཚོགས་པའི་འཐུས་མིར“དུས་རབས་ཀྱི་མིག་དཔེའི”མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའི་གཏན་འབེབས》སྒྲོག་སྦྱང་བྱས་པ་དང་། ཁོང་ཚོའི་སྔོན་ཐོན་བྱས་རྗེས་མཚོན་པའི་གློག་བརྙན་ཐུང་གྲས་བསྟན་ཡོད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་འགན་འཁུར་བློ་མཐུན་གྱིས་ཁོང་ཚོར“དུས་རབས་ཀྱི་མིག་དཔེའི”རྟགས་མ་དང་ལག་ཁྱེར་སྤྲད་པ་རེད།

    ཁོང་ཚོའི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་དང་དེར་བསྔགས་བརྗོད་བྱ་ཆེད། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཁྲུང་ཆིང་ཞིབ་དཔྱོད་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ཚོགས་པའི་འཐུས་མིར“དུས་རབས་ཀྱི་མིག་དཔེའི”མཚན་སྙན་སྤྲོད་རྒྱུའི་ཐག་བཅད་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས“དུས་རབས་ཀྱི་མིག་དཔེ”དཔེ་སྟོན་དུ་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་པ་དར་སྤེལ་ཤུགས་ཆེན་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་རྒྱུན་འཛིན་བྱེད་པ། ཁྲིམས་བཟང་སྐྱོང་མཁས་ལ་བརྟེན་ནས་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་འཚར་ལོངས་ཡོང་བར་སྲུང་སྐྱོང་བཅས་བྱས་ཏེ། མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་ཕོད་པའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།