དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཤིན་ཅང་དུ་ཟུར་ཕྱོགས་མང་པོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་རྐྱང་ཤེས་རྟོགས་བྱེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལི་ཡ་ནན་དང་ལིའུ་ཀེ།   |     སྤེལ་དུས།  2025-09-25

    ཟླ་9ཚེས་10ནས་17ཉིན་བར། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2025ལོའི་རྒྱལ་སྤྱིའི་དབྱི་ཡོན་གྲོས་མིའི་མཛའ་གྲོགས་སྤེལ་རེས་གླེང་སྟེགས་པེ་ཅིང་གྲོང་ཁྱེར་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་འཚོགས་ཤིང་། གླེང་སྟེགས་དེས“གོ་ལ་ཧྲིལ་པོའི་མཉམ་ལས་འབྲེལ་བ་མཉམ་དུ་འཛུགས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་མཉམ་དུ་སྐུལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། གླིང་ཆེན་ལྔ་ནས་ཡོང་བའི་ཕྱི་རྒྱལ་གྱི་དབྱི་ཡོན་གྲོས་མི་60ལྷག་ཙམ་དང་ཀྲུང་གོའི་འབྲེལ་ཡོད་སྒྲིག་གཞིའི་འཐུས་མི་ཞུགས་པ་རེད། ཚོགས་ཞུགས་མགྲོན་པོ་ཚོས“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས། མི་རིགས་ས་ཁོངས་རང་སྐྱོང་དང་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་དང་ཐུན་མོང་འཕེལ་རྒྱས་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱས་ཤིང་། ཁོང་ཚོས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། ཕན་ཚུན་ཡིད་ཆེས་དང་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཕུལ་བ་རེད།

    “ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་འཆམ་མཐུན་དང་། མཛའ་གཅུགས་རོཌ་རེས། བདེ་སྡོད་ལས་བརྩོན་བཅས་བྱུང་བ”

    ཤིན་ཅང་དུ་འཚམས་འདྲི་བྱེད་རིང་ཕྱི་རྒྱལ་གྱི་དབྱི་ཡོན་གྲོས་མི་ཚོས་ཁ་ཧྲེ་དང་། ཁེ་ཙི་ལེ་སུའུ། ཨ་ཁེ་སུའུ། དབྱི་ལི། ཝུའུ་ལུའུ་མུའུ་ཆི། ཁྲང་ཅི་སོགས་སུ་བསྐྱོད་ནས་མི་རིགས་མཐུན་སྒྲིལ་གྱི་གསོན་ཉམས་ལྡན་པའི་ལག་ལེན་ལ་བདེན་དཔང་དང་། དར་རྒྱས་གོང་འཕེལ་བྱུང་ཚུལ་ངོ་མ་ཤེས་རྟོགས། ལྗང་མདོག་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ལ་ལྟ་ཞིབ་ཉམས་ལེན་བཅས་བརྒྱུད་དེ། ཟུར་ཕྱོགས་མང་པོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་རྐྱང་ཤེས་རྟོགས་བྱས་ཡོད།

    “ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་དེ། ཤིན་ཅང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་པའི་གསལ་བཤད་ནུས་ལྡན་ཞིག་རེད། ཤིན་ཅང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོང་བྱ་ཆེད་འབད་བརྩོན་བྱས་པ་དང་གྲུབ་འབྲས་ནི་མིག་མཐོང་ལག་འཛིན་ཐུབ་པ་ཞིག་རེད། མི་དམངས་ཀྱི་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། སློབ་གསོ་ཐོབ་དབང་ལ་འགན་ལེན་བྱས་པ། མི་དམངས་ཀྱི་དཔལ་འབྱོར་རང་སྐྱ་འཕེར་ཤུགས་ཆེ་རུ་བཏང་བ་སོགས་ནི་འགྲོ་བ་མིའི་ཐོབ་ཐང་མངོན་འགྱུར་ངོ་མ་བྱས་པ་ཞིག་རེད”ཅེས་མོ་ཞི་ཁོའི་གྲོས་ཁང་གོང་མའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ཨུ་ལྷན་གྱི་ཀྲུའུ་ཞི་པོ་ལེ་ཝུན་སི་ཅི་ཡིས་བརྗོད།

    ཤིན་ཅང་དུ་མི་རིགས་ཁག་མཛའ་མཐུན་མཉམ་གནས་དང་། ཕན་ཚུན་བརྩི་འཇོག རང་དབང་འདྲ་མཉམ། གཞན་ལ་གཅེས་སྐྱོང་བཅས་བྱུང་བ་ནི་ཚང་མས་ཁས་བླངས་པའི་ཐུན་མོང་གི་རིན་ཐང་ཞིག་རེད་ཅེས་དབྱི་ཐ་ལིའི་གྲོས་ཁང་གོང་མའི་ཕྱི་འབྲེལ་དང་རྒྱལ་སྲུང་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ལི་ཁེ་ལི་ཡིས་བཤད།

    “མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱུང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ཡིན་པ”

    དེ་སྔའི་བྱེ་ཐང་དག་ད་ཆ་སྔོ་ལྗང་ཅན་དུ་གྱུར་པ་དང་དེ་སྔའི་ས་སྟོང་དག་ལ་ད་ཆ་གཡུར་ཟའི་འབྲས་བུ་བཏགས་པ་ལ་སོགས། ལོ་30ལྷག་ཙམ་རིང་བྱེ་ཐང་མུའུ་ཁྲི་བརྒྱ་ལྷག་ཙམ་སྐྱེ་ཁམས་ནགས་ཚལ་ཁུལ་དང་ཤིང་འབྲས་རྟེན་གཞིར་སྒྱུར་བཀོད་བྱས་ཏེ“ལྗང་མདོག་གི་ལྕགས་རི་རིང་པོ”བསྐྲུན་ཡོད། ཨ་ཁེ་སུའུ་ས་ཁུལ་གྱི་ཁོ་ཁོ་ཡ་བྱེ་ཐང་སྔོ་འགྱུར་ལས་གྲྭས་སྐྱེ་ཁམས་བཅོས་སྐྱོང་གི་ངོ་མཚར་བྱས་རྗེས་བཏོད་པ་ལས་དབྱི་ཡོན་གྲོས་མི་ཚོར་སེམས་འགུལ་ཚད་མེད་ཐེབས་ཡོད། ཏོ་སྨི་ནི་ཁེའི་དབྱི་ཀྲང་དབྱི་ས་ཁེ་ཡིས། ངས་ཁོ་ཁོ་ཡ་ཡི་གསར་གཏོད་ཉམས་མྱོང་དག་ཏོ་སྨི་ནི་ཁེ་རུ་ཁྱབ་གདལ་བཏང་སྟེ་ཤིན་ཅང་གི་ལྗང་མདོག་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་སྔར་བས་འཛིན་རྒྱུ་ཡིན་ཞེས་བརྗོད།

    “མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་རེད་འདུག ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཐད་ཀྱི་ཤིན་ཅང་གི་ཉམས་མྱོང་དང་བློ་གྲོས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་དཔྱད་གཞིར་འཛིན་རིན་ཆེན་པོ་འདུག ཀྲུང་གོ་ཕྱོགས་ཀྱིས‘ཐུན་མོང་ཐོག་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི’གྲོས་འགོར་ང་རང་མོས་མཐུན་རྦད་དེ་ཡོད། གྲོས་འགོ་དེ་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་དངོས་སྒྲུབ་བྱ་སྤྱོད་ལ་སྣེ་ཁྲིད་བྱེད་པར་ཕན་ཐོགས་ཆེན་པོ་ཡོད”ཅེས་པུ་རུན་ཏིའི་དབྱི་ཡོན་གྲོས་མི་མུའུ་ཞི་ཝར་གྱིས་བརྗོད།

    “‘རྒྱུད་གཅིག་ལམ་གཅིག’སྤུས་ཚད་མཐོ་པོས་མཉམ་སྐྲུན་གྱི་ཕན་འབྲས་དང་གྲུབ་འབྲས་མངོན་གསལ་དོད་པ”

    རྒྱལ་སྤྱིའི་དབྱི་ཡོན་གྲོས་མིའི་མཛའ་གྲོགས་སྤེལ་རེས་གླེང་སྟེགས་ནི་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་2023ལོར་སྤེལ་འགོ་བཙུགས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་ཁག་གི་དབྱི་ཡོན་གྲོས་མིའི་དབར་གྱི་མཛའ་གྲོགས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་སྤྱིའི་གྲོས་ཚོགས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་བ། འཛམ་གླིང་ཞི་བདེར་སྲུང་སྐྱོང་བྱེད་པ། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་རེད། གླེང་སྟེགས་དེ་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འདུས་པའི་ལས་སྟེགས་གལ་ཆེན་དང་། མཛའ་གཅུགས་ཟབ་ཏུ་གཏོང་བའི་འབྲེལ་ཟམ། ཀྲུང་གོའི་གཟུགས་བརྙན་མངོན་པའི་གསོན་ཉམས་ལྡན་པའི་སྐར་ཁུང་བཅས་སུ་འཕེལ་རྒྱས་ཕྱིན་ཡོད།

    དབྱི་ཡོན་གྲོས་མི་ཚོས་ཡུལ་དངོས་སུ་འཚམས་འདྲི་བྱས་པ་བརྒྱུད། ཤིན་ཅང་གི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་སྒུལ་ཤུགས་ཆེན་པོ་དང་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྐྱེ་སྟོབས་དངོས་སུ་མྱོང་ཚོར་ཐུབ་ཡོད། ཤིན་ཅང་གིས་གནས་ཡུལ་གྱི་ལེགས་ཆར་བརྟེན་ནས“གྲུ་ཁ་གཅིག་དང་། ཁུལ་གཉིས། ལྟེ་གནས་ཆེན་པོ་ལྔ། འགག་སྒོའི་དཔལ་འབྱོར་རྒྱུད”བཅས་གཙོ་བོར་བྱས་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་གཏོད་བཞིན་ཡོད། ད་ལོའི་ཟླ་བ་བདུན་པའི་བར་ཤིན་ཅང་གི་ཨ་ལ་ཧྲན་ལུང་མདོ་དང་ཧོར་ཀོ་སིའི་ལྕགས་ལམ་འགག་སྒོ་ནས་ཀྲུང་ཡོའི(ཨེ་ཤེ་ཡ་དབུས་མ)དུས་གཏན་མེ་འཁོར་གཏོང་ཐེངས་ཁྲི་1ལས་བརྒལ་ཏེ། ཤིན་ཅང་དེ་ཉིད་ཨེ་ཤེ་ཡ་དང་ཡོ་རོབ་འབྲེལ་མཐུད་ཀྱི“གསེར་ཟམ”ལྟ་བུར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།