དཔེ་ཁྲིད་མི་སྐྱོང་དང་འགྲོགས་པའི་བགྲང་བྱ་སུམ་ཅུ་སོ་ལྔ།
བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་རྒན་དོན་གྲུབ་ལགས་ཀྱི་སྐོར་བཀོད་པ།
རྒན་དོན་གྲུབ་ལགས་ཀྱིས་སྨན་རྫས་ཚན་ཁག་གི་སློབ་མར་སློབ་ཚན་འཁྲིད་བཞིན་པ།
རྒན་དོན་གྲུབ་ལགས་དང་ཁོང་གི་ལས་རོགས་ཀྱིས་སྨན་རྒྱུ་འཚོལ་བཞིན་པ།
ཉེ་ཆར། གསར་འགོད་པས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སྨན་རྫས་ཚན་ཁག་གི་ཀྲུའུ་རེན་དང་རིམ་པ་གཉིས་པའི་དགེ་རྒན་ཆེ་མོ་བ་དོན་གྲུབ་ལགས་ལ་ཆེད་མངགས་བཅར་འདྲི་ཞུ་བར་བསྐྱོད་པ་ཡིན།
དཀར་ཆ་དོད་ཅིང་སྒྲིག་བཀོད་ཆ་ཚང་བའི་སློབ་ཁང་ནང་རྒན་དོན་གྲུབ་ལགས་ཀྱིས《དཔལ་ལྡན་རྒྱུད་བཞིའི》བསླབ་གཞི་ཨ་སློག་བརྒྱབ་སྟེ། “ནད་རྟགས་དབྱེ་འབྱེད་སྨན་བཅོས”ཀྱི་རི་མོར་མཛུབ་མོ་བཙུགས་ནས་འགྲེལ་བཤད་རྒྱག་པ་དང་། སྐབས་འགར་ནག་པང་སྟེང་གི་གྲང་སེལ་སྦྱོར་བ་བསྟན་པ་ཞེས་པའི་གསོ་བ་རིག་པའི་སྐོར་བརྗོད་ཀྱིན་སྐད་གསང་མཐོན་པོས“སློབ་ཕྲུག་ཚོ། ས་མཐོའི་ལྗོན་ཤིང་ཡོད་དོ་ཅོག་ལ་རང་སོ་སོར་འཚམ་པའི་ས་རྒྱུ་ཡོད་པ་ལྟར། གསོ་བ་རིག་པའི་གཞུང་ལུགས་ནང‘མི་རེར་སྨན་ཐོ་རེ’ཡོད་དགོས”ཞེས་བཀའ་སློབ་གནང་། དེ་ལས་རྒན་ལགས་ཁོང་ནི་གོ་བ་ལེན་དཀའ་བའི་རིགས་པའི་གཞུང་ལུགས་དག་འཚོ་བ་དངོས་དང་ཟུང་འབྲེལ་གྱིས་སློབ་ཁྲིད་བྱེད་མཁས་པའི་དགེ་རྒན་ཞིག་ཡིན་པ་མཐོང་ཐུབ།
1990ལོར་བོད་ལྗོངས་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་ནས་མཐར་ཕྱིན་རྗེས་དགེ་རྒན་གྱི་ཁུར་བཞེས་པ་དང་། དུས་དེ་ནས་བཟུང་ཁོང་གིས་སློབ་མའི་སྤྱོད་ཡོན་གཉིས་ཀར་གཙིཌ་སུ་འཛིན་པ་མ་ཟད། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་དཔེ་ཁྲིད་མི་སྐྱོང་དང་ནད་བཅོས་སྲོག་སྐྱོབ་ལ་འཐུས་ཤོར་གཏོང་མྱོང་མེད།
བགྲང་བྱ་35ཡི་རིང་། ཁོང་གིས་བསྐྱངས་པའི་སློབ་བུ་ལྗོངས་སྨན་རྩིས་ཁང་དང་། གྲོང་ཁྱེར་དང་། རྫོང་། ཤང་དང་གྲོང་རྡལ་རིམ་པའི་བོད་ལུགས་གསོ་རིག་སྨན་ཁང་སོགས་གང་སར་ཁྱབ་ཡོད། ཁོང་ཚོས“ནད་པར་དབུལ་ཕྱུག་དང་གཙང་བཙོག་གི་དབྱེ་བ་ཕྱེ་མི་རུང་། ནད་བཅོས་སྲོག་སྐྱོབ་ལ་རྩེ་གཅིག་ཏུ་འབད་དགོས””ཞེས་པའི་རྒན་དོན་གྲུབ་ལགས་ཀྱི་བཀའ་སློབ་ཡང་སེ་གནང་བ་དེ་ལག་ལེན་དངོས་སུ་སྟར་དང་བསྟར་མུས་རེད།
“ངའི་སློབ་མའི་ཁྲོད་གཞི་རིམ་གྱི་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ་དམངས་ཀྱི་བདེ་ཐང་ལ་ཕན་པའི་བྱ་བ་སྒྲུབ་མཁན་གྱི་རྫོང་རིམ་པའི་སྨན་ཁང་གི་སྨན་པ་ཙམ་མ་ཟད། རང་སྐྱོང་ལྗོངས་སྨན་ཁང་ཁག་གི་རྐང་འཛིན་པར་གྱུར་ནས་ནད་བཅོས་སྲོག་སྐྱོབ་ཀྱི་བྱ་གཞག་དང་དེ་བཞིན་བོད་ཀྱི་གསོ་བ་རིག་པ་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་གཞོལ་མཁན་ཡང་ཡོད། དེ་དག་མཐོང་སྐབས་ད་གཟོད་རང་ཉིད་ཀྱི་གདམ་ག་ནོར་མེད་པ་ཤེས་ཀྱི་འདུག”ཅེས་རྒན་དོན་གྲུབ་ལགས་ཀྱིས་སྤོབས་སེམས་ཆེན་པོས་བརྗོད།
རྒན་དོན་གྲུབ་ལགས་ཀྱིས་ནམ་ཞག་རྒྱུན་དུ་ནས་སློབ་ཚན་མ་ཁྲིད་གོང་གྲ་སྒྲིག་ཚགས་ཚུད་པོ་དང་། སློབ་ཚན་འཁྲིད་སྐབས་ནན་ཏན། སློབ་ཚན་ཁྲིད་རྗེས་ཕྱོགས་སྡོམ་གནང་ནས་གསོ་རིག་གི་སློབ་གསོའི་བྱ་གཞག་ལ་རྟ་ཕོ་ལྕག་གིས་སྐུལ་བ་དང་སྦྲགས། ཁོང་དང་ལས་རོགས་ཚོས་རིག་གཞུང་རྒྱུན་འཛིན་ཐད་ལའང་བརྩོན་པ་ལྷུར་ལེན་གནང་བ་དང་། ཡང་སྒོས《དཔལ་ལྡན་རྒྱུད་བཞི》སོགས་སྲོལ་རྒྱུན་གྱི་རིག་གཞུང་དེ་ཉིད་དེང་རབས་ཀྱི་སློབ་ཁྲིད་བསླབ་གཞིར་རྩོམ་སྒྲིག་དང་། སློབ་ཁྲིད་བྱེད་སྟངས་གསར་གཏོད། སྲོལ་རྒྱུན་གྱི་སློབ་ཚན་ཁྲིད་སྟངས་དང་དེང་དུས་ཀྱི་སློབ་གསོ་ཟུང་འབྲེལ། སློབ་ཁྲིད་དང་ལག་ལེན་ཟུང་འབྲེལ་བཅས་གནང་གི་ཡོད། དེས་མ་ཟད་སློབ་མས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་ཐུབ་ཆེད། ཁོང་གིས་སློབ་མ་རྣམས་རྒྱུན་དུ་སྒོ་བསྟེན་སྨན་ཁང་དུ་ཁྲིད་ནས་ལག་ལེན་ནང་ཞུགས་སུ་འཇུག་གི་ཡོད་པ་མ་ཟད། ལོ་ལྟར་སློབ་འགོ་ཚུགས་པའི་གཟའ་འཁོར་གཉིས་ཀྱི་རིང་དོག་སྡེའི་ཕུ་ལ་སྨན་རྩྭ་ངོས་འཛིན་དང་འཐུ་བར་ཁྲིད་ཀྱི་ཡོད།
“རྒན་དོན་གྲུབ་ལགས་ཀྱིས་རྒྱུན་དུ་ནས་ང་ཚོར་སྨན་བཅོས་ལག་རྩལ་ལ་བྱང་གོམས་ཆེན་པོ་བྱེད་དགོས་པ་མ་ཟད། ཀུན་སྤྱོད་ལ་དེ་བས་གཙིགས་ཆེན་བྱེད་དགོས་གསུང་གི་འདུག”
“རྒན་ལགས་ཁོང་གི་སློབ་ཚན་ནང་དོན་ཟབ་ལ་གོ་བདེ་བས། ཤེས་སླ་པོ་འདུག ང་ཚོ་ཚང་མ་ཁོང་གི་སློབ་ཚན་ཉན་པར་དགའ་པོ་ཡོད”ཅེས་སློབ་མའི་གདེང་འཇོག་བཟང་པོ་ནི་ཁོང་གི་སློབ་ཁྲིད་ལ་ཁས་ལེན་ཡག་ཤོས་བྱས་པ་ཞིག་མ་ཡིན་ནམ།
དགེ་རྒན་དང་སྨན་པ་གཅིག་ལྕོགས་ཡིན་པའི་ཁོང་གིས་བགྲང་བྱ་35ཡི་རིང་། རྒྱལ་ཁབ་ཀྱི་863རྣམ་གྲངས་དང་རྒྱལ་ཁབ་ཀྱི་རང་བྱུང་ཐེབས་རྩ་སོགས་རྣམ་གྲངས་30ལྷག་ཙམ་ནང་ཞུགས་པ་དང་། ཁོང་ལ་ཡང་ཚན་རིག་ཞིབ་འཇུག་གི་གཡུར་ཟའི་འབྲས་བཟང་མང་པོ་ཐོབ་ཡོད་ཅིང་། དེ་ཡང་རྒྱལ་ཁབ་སློབ་གསོ་པུའི་རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཀྱི་སྦྱངས་འབྲས་ཨང་གཉིས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་ཁྲིད་ཀྱི་སྦྱངས་འབྲས་ཨང་དང་པོ། ཀྲུང་གོའི་ཇོ་མོ་གླང་མ་བོད་རིག་པའི་བྱ་དགའ། ཀྲུང་གོ་མི་རིགས་གསོ་བ་རིག་པའི་ཚན་རྩལ་གྱི་བྱ་དགའ་ཨང་དང་པོ་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཇི་སྙེད་ཅིག་ཐོབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།