དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ས་ཁུལ་ཁག་གིས་རྣམ་པ་སྣ་ཚོགས་ཐོག་ནས་2025ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་དགའ་གཏོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-25

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མདུན་གྲོང་གྲོང་ཚོའི་2025ལོའི་སྐྱེ་ཁམས་སྒྱུ་རྩལ་མཉམ་སྤྱོད་དུས་ཚིགས་ཀྱི་སྟོན་བསྡུའི་ལོ་ལེགས་རྟེན་འབྲེལ་གྱི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཆབ་མདོ་གྲོང་ཁྱེར་གྱི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོར་དཔལ་འབར་རྫོང་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱེད་བཞིན་པ།

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མདུན་གྲོང་གྲོང་ཚོའི་ཡུལ་མིས་ཚའུ་སྤྱད་དེ་འབྲུ་འཚག་བཞིན་པ།

    གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་ཞིང་ཁ་ཡིན་པ།

    ད་ལོའི་ཟླ་9ཚེས་23ཉིན་ནི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་བརྒྱད་པ་དེ་ཡིན། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་ཁུལ་ཁག་གིས“ཞིང་ལས་ལ་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ། མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སུ་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ནས་རྣམ་པ་སྣ་ཚོགས་ཀྱི་རྟེན་འབྲེལ་བྱེད་སྒོ་སྤེལ་ཏེ། ཕུལ་བྱུང་གི་སོ་ནམ་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་འོད་སྟོང་འབར་བའི་གྲུབ་འབྲས་མངོན་པར་བྱས་ནས། དུས་རབས་གསར་པའི་ལོ་ལེགས་ཀྱི་བསྟོད་གླུ་བླངས་པ་རེད།

    ཚེས་23ཉིན། 2025ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་བོད་ཀྱི་ཚོགས་ར་གཙོ་བོའི་རྟེན་འབྲེལ་བྱེད་སྒོ་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཆབ་མདོ་གྲོང་ཁྱེར་ཞིང་འབྲོག་པའི་དམངས་ཁྲོད་འཁྲབ་སྟོན་རུ་ཁག་གིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ནས། དུས་རབས་གསར་པའི་བོད་ཀྱི་ཞིང་འབྲོག་པ་ཚོའི་དཔའ་སྐྱེད་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་དང་གངས་ལྗོངས་ས་གཞི་ཆེན་པོར་བཅངས་པའི་དགའ་ཞེན་ཟབ་མོ་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པར་བྱས་པ་རེད།

    ཚེས་23ཉིན། ལྗོངས་ཡོངས་ཀྱི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་འགྲེམས་འཚོང་བྱེད་སྒོ་སྤེལ་ཡུལ་དུ། ལྷ་ས་གྲོང་ཁྱེར་གྱི་ཁྲེང་ཀོན་ཆུས་དང་། སྟག་རྩེ་ཆུས། ལྷུན་གྲུབ་རྫོང་སོགས་ཀྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་སྣ་ཚོགས་འགྲེམས་ཚོང་བྱས་ནས། “ལོ་ལེགས་ཀྱི་འབྲས་བཟང་སྨིན”པ་དེ“འབབ་འཕར་གྱི་ཕན་འབྲས་དངོས”་ནུས་ལྡན་ངང་འགྱུར་བར་སྐུལ་འདེད་བཏང་བ་རེད། ལྷ་ས་གྲོང་ཁྱེར་ཞིང་ལས་ལག་རྩལ་ཞིབ་འཇུག་ཁྱབ་སྤེལ་ས་ཚིགས་ཀྱི་མཐོ་རིམ་ཞིང་ལས་ལག་རྩལ་པ་ཁྲེན་ཁྲུའུ་ཧུང་གིས། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་རིམ་སྤོར་ལ་རམ་འདེགས་བྱས་པ་དང་ཆབས་ཅིག སྐྱེ་ལྡན་ལུད་དང་། ས་དཔྱད་ལུད་སྦྱོར། ནད་འབུའི་གནོད་འཚེར་ལྗང་མདོག་སྔོན་འགོག་ཚོད་འཛིན་བཅས་ཀྱི་ལག་རྩལ་ཁྱབ་གདལ་བཏང་བས། ཐོན་འབབ་མང་དུ་དང་སྤུས་ཚད་ལེགས་སུ་ཕྱིན་ནས་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    “བོད་ཀྱི་འབྲུ་མཛོད”ཅེས་འབོད་པའི་གཞིས་རྩེ་གྲོང་ཁྱེར་གྱི་ནས་ཀྱི་ཐོན་འབབ་ཀྱིས་ལྗོངས་ཡོངས་ཀྱི་ཐོན་འབབ་ཀྱི་50%ཡས་མས་བཟུང་ཡོད། ཚེས་22ཉིན། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་ཞིང་། འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ལྟ་སྦྱོང་གི་ལྷུ་ཚིགས་སུ། བརྔ་བསྡུ་འཕྲུལ་འཁོར་དང་སོན་འདེབས་འཕྲུལ་འཁོར་ཆེ་གྲས་སོགས་དེང་རབས་ཅན་གྱི་ཞིང་ལས་འཕྲུལ་ཆས་ཀྱིས་ས་གནས་ས་ཐོག་ཏུ་ལས་སྒྲུབ་བརྒྱུད་རིམ་གསལ་པོར་བསྟན་ནས་ཚན་རྩལ་གྱིས་ཞིང་ལས་ལ་མཐུན་རྐྱེན་སྦྱར་བའི་ཕན་འབྲས་མངོན་གསལ་དོད་པོ་ཐད་ཀར་མངོན་པར་བྱས་ཏེ། དེར་ཞུགས་མཁན་ཚོས“ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བའི”སྟོབས་ཤུགས་དངོས་འབྲེལ་ཚོར་ཐུབ་པར་བྱས་པ་རེད། གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་ཟུར་མཚོ་ཤང་གི་ཏང་ཡོན་དང་བླངས་པས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་གྱིས་དང་བླངས་ཞབས་ཞུ་གཅིག་སྡུད་ཐོག་སྤེལ་ཏེ། ངལ་ནུས་དཀོན་པའི་ཁྱིམ་ཚང་ཁག་ལ་ལོ་ཏོག་བསྡུ་རོགས་བྱས་པ་དང་ཆབས་ཅིག ཏང་གི་ཞིང་རྒྱས་ཞིང་སྐྱོང་ཞིང་ཕྱུག་གསུམ་གྱི་སྲིད་ཇུས་སྒྲོག་འགྲེལ་བྱས་ནས། ལོ་ལེགས་བྱུང་བའི་དགའ་སྤྲོ་དང་རྩ་འཛུགས་ཀྱི་དྲོ་སྐྱིད་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས་པ་རེད།

    ལོ་ངོ་དྲུག་ཅུའི་གྲུབ་འབྲས་ངོ་མཚར་ཆེ། ལོ་ལེགས་ཐོན་ལེགས་འབྲས་བཟང་གཡུར་ཏུ་ཟ། ཞིང་འབྲོག་མང་ཚོགས་ཀྱི་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་གཟི་བརྗིད་ཀྱི་སེམས་པ་དང་སྤོབས་སེམས་ཆེ་རུ་གཏོང་ཆེད། ཚེས་23ཉིན། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྟོད་ཡུལ་གྲོང་ཚོས་ཞིང་འབྲོག་པའི་རྩལ་ནུས་འགྲན་བསྡུར་ཆེན་པོ་སྤེལ་ཞིང་། འགྲན་རའི་ནང་ཤན་འབྱེད་ཚོགས་ཆུང་གིས“བརྔ་བསྡུ་བྱེད་ཤོས་དང་། ཚར་ལྕོག་སྒྲིག་ཡག་ཤོས། སྙེ་མ་སྒྲུག་གཙང་ཤོས”བཅས་ཕྱོགས་གསུམ་ནས་ཕྱོགས་བསྡུས་དཔྱད་བསྡུར་བྱས་པ་དང་། འགྲན་ཞུགས་ཡུལ་མི་ཚོའི་བྱང་ཆ་དོད་པོའི་རྩལ་ནུས་དང་རྔུལ་ཆུས་ལྭ་བ་བརླན་ཡང་སྤྲོ་སེམས་དེ་བས་འཁོལ་པོའི་ཧུར་སེམས་ལས་ལོ་ལེགས་ཡོང་བའི་རེ་སྒུག་དང་སྤོབས་སེམས་མཚོན་ཡོད་པ་རེད།

    ཚེས་23ཉིན། ནག་ཆུ་གྲོང་ཁྱེར་སོག་རྫོང་རོང་པོ་གྲོང་རྡལ་གྱི་མི་ཐབས་རྩྭ་འདེབས་རྟེན་གཞིའི་གཟན་རྩྭ་བརྔ་བསྡུ་བྱས་པ་རེད། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱིས་གླུ་གཞས་གཏོང་བཞིན་ལས་ཀར་ཞུགས་ནས་ལོ་ལེགས་ལ་རྟེན་འབྲེལ་ཞུས་ཏེ་ཕྱུགས་རིགས་ཀྱི་དགུན་ཁའི་གཟན་ཆག་གྲ་སྒྲིག་བྱས་པ་རེད། “ད་ལོའི་ལོ་ལེགས་དུས་ཆེན་སྐབས། ང་ཚོས་ས་བབ་མཐོ་ཚད་སྨི་4500ཙམ་ཟིན་པའི་འབྲོག་ཁུལ་ནས་ཞིང་ཁུལ་ལྟ་བུའི་ལོ་ལེགས་ཀྱི་སྤྲོ་སྣང་མྱོང་ཚོར་བྱུང” ད་ལོར། གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་འོག གྲོང་ཚོའི་སྔོ་ཚལ་ཚང་མ་ཕྱི་ནས་ཉོ་བའི་ལོ་རྒྱུས་མཇུག་འགྲིལ་སོང་། ཞོག་ཁོག་རྩྭ་རས་120དང་ཉུང་མ་རྩྭ་རས་95བསྡུ་ཐུབ་འདུག མུའུ་སྟོང་གི་མི་ཐབས་རྩྭ་འདེབས་རྣམ་གྲངས་ཀྱི་སྔོན་དཔག་དམིགས་ཚད་ཀྱང་ལེགས་གྲུབ་བྱུང་སོང་ཞེས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་མཚོ་སྦྲེལ་ལྷོ་མ་གྲོང་རྡལ་ཇའུ་གྲོང་ཚོའི་མང་ཚོགས་བསྟན་འཛིན་ཆོས་སྐྱིད་ཀྱིས་དགའ་སྤྲོའི་ངང་གསར་འགོད་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།