ཀྲུང་གོ་དང་ཨ་རི་གཅིག་ཕན་གཅིག་རོགས་དང་ཐུན་མོང་དར་རྒྱས་ཡོང་བ་བྱེད་ཐུབ་ངེས་རེད།
ཟླ་9ཚེས་19ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་ཞལ་པར་སྐྱོན་རེས་གནང་སྟེ། དེང་སྐབས་ཀྲུང་ཨའི་འབྲེལ་བ་དང་ཕན་ཚུན་གཉིས་ཀས་དོ་ཁུར་བྱེད་པའི་གནད་དོན་ཐད་ལྷག་བསམ་ཟོལ་མེད་ངང་དགོངས་འཆར་བརྗེ་རེས་གནང་བ་རེད། ད་རེས་ཞལ་པར་བསྐྱོན་ནས་དངོས་སྒྲུབ་དང་། ཧུར་ཐག དགེ་མཚན་ལྡན་པ་བཅས་ཀྱི་བཀལ་མོལ་གནང་སྟེ་དུས་མཚམས་རྗེས་མར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་གལ་འགངས་ཤིན་ཏུ་ཆེ་བའི་འཐབ་ཇུས་ཀྱི་ཁྲིད་སྟོན་གནང་ཡོད།
གཙོ་བདག་གི་ཕྱི་འབྲེལ་ལས་ཀྲུང་ཨའི་དབར་གྱི་འབྲེལ་བར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་འཐབ་ཇུས་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད། འདས་པའི་ཟླ་ཤས་རིང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ངོས་འཛིན་གཅིག་མཐུན་གལ་ཆེན་གྱི་ཁྲིད་སྟོན་འོག ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་ཚོགས་པས་རི་ནེ་ཝ་དང་། ལོན་ཏུན། སི་ཐོག་ཁོར་མོ། མ་ཏེ་རི་བཅས་སུ་སྔ་རྗེས་སུ་གྲོས་མོལ་བྱས་པར་དགེ་མཚན་ལྡན་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད། ཕྱོགས་གཉིས་པོའི་གྲོས་མོལ་ལས་འདྲ་མཉམ་དང་། བརྩི་འཇོག གཉིས་ཕན་བཅས་ཀྱི་སྙིང་སྟོབས་མཚོན་ཞིང་། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བ་སྐྱོན་བྲལ་དང་། བརྟན་ལྷིང་། རྒྱུན་མཐུད་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད། དེའི་ཐོག་ནས་ཀྲུང་ཨའི་གྲུ་གཟིངས་ཆེན་པོ་འདི་གཉིས་མཉམ་དུ་མདུན་སྐྱོད་ཐུབ་ནས་ཁ་ཕྱོགས་མི་འཛོལ་བ་དང་མགྱོགས་དལ་མི་ཤོར་བའི་འགན་ལེན་བྱེད་དགོས་ཚེ། ངེས་པར་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཁྲིད་སྟོན་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ངོས་འཛིན་གཅིག་མཐུན་གལ་ཆེན་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཁེ་བཅས་ཀྱི་རྩ་དོན་གསུམ་ལ་དམ་འཛིན་ལྷོད་མེད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས་པ་གསལ་པོར་མཚོན་གྱི་ཡོད།
གཉིས་ཁེ་གཉིས་ཕན་གྱི་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བར་ཕྱོགས་གཉིས་པོས་རྣམ་པ་གསར་གཏོད་དང་། ཕུགས་ཡུན་རྒྱང་དམིགས། མཉམ་ལས་མཐའ་འཁྱོངས་བཅས་བྱེད་དགོས། ཉེ་ཆར་སི་ཕེན་གྱི་གྲོང་ཁྱེར་མ་ཏེ་རིར་གྲོས་མོལ་བྱེད་རིང་ཀྲུང་ཨ་ཕྱོགས་གཉིས་པོས་མཉམ་ལས་བརྒྱུད་TikTokགནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུའི་ཐད་གཞི་རྩའི་སྒྲོམ་གཞིའི་རང་བཞིན་གྱི་ངོས་འཛིན་གཅིག་མཐུན་བྱུང་ཡོད། གྲོས་མོལ་གྱི་གྲུབ་འབྲས་ལས་ཕྱོགས་གཉིས་པོས་འདྲ་མཉམ་ངང་གླེང་མོལ་དང་གྲོས་མོལ་བྱེད་པའི་རྨང་གཞིའི་ཐོག རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ་གཉིས་ཕན་གྱི་གྲུབ་འབྲས་ཐོབ་རྒྱུའི་བརྩོན་ལེན་བྱེད་ཆོག་པ་མཚོན་གྱི་ཡོད། TikTokགནད་དོན་ཐད། ཀྲུང་གོ་སྲིད་གཞུང་གིས་ཁེ་ལས་ཀྱི་བསམ་འདུན་ལ་བརྩི་འཇོག་བྱེད་ཅིང་། ཁེ་ལས་ཀྱིས་ཁྲོམ་རའི་སྒྲིག་སྲོལ་དང་མཐུན་པའི་རྨང་གཞིའི་ཐོག་ཚོང་ལས་གྲོས་མོལ་ཡག་པོ་བྱས་ཏེ། ཀྲུང་གོའི་བཅའ་ཁྲིམས་ཁྲིམས་སྲོལ་དང་མཐུན་ལ་ཁེ་ཕན་དོ་སྙོམས་ཀྱི་ཐག་གཅོད་ཇུས་གཞི་འགོད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁ་ཕྱོགས་གཅིག་ཏུ་བསྐྱོད་དེ། ཀྲུང་གོའི་ཁེ་ལས་ཀྱིས་ཨ་རིར་མ་འཇོག་བྱེད་པར་སྒོ་དབྱེ་དང་། དྲང་སྙོམས། མཐོང་ཆུང་མི་བྱེད་པའི་ཚོང་གཉེར་ཁོར་ཡུག་ཅིག་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ནན་བཤད་བྱས་དོན། གླེང་མོལ་དང་གྲོས་མོལ་ནི་སྲུང་བྱའི་རྩ་དོན་ཡོད་པ་ཞིག་ཡིན་པ་དང་མཉམ་ལས་ཀྱི་ཁོར་ཡུག་ཐུན་མོང་ཐོག་འཛུགས་སྐྱོང་དང་སྲུང་སྐྱོང་བྱེད་དགོས། ཀྲུང་གོའི་འཕེལ་རྒྱས་དབང་ཆར་གནོད་སྐྱོན་གཏོང་མི་རུང་། རང་ཉིད་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཆོད་སེམས་རྡོ་རྗེ་བྲག་ལྟར་བརྟན། གནོན་ཤུགས་སྤྲད་དེ་ཀྲུང་གོར་རྩ་དོན་རང་བཞིན་གྱི་གཟུར་བཤོལ་བྱེད་དུ་འཇུག་རྩིས་བྱེད་པའི་བསམ་ཚུལ་གང་ཞིག་ཡིན་རུང་ཚང་མ་དོན་དངོས་དང་མཐུན་གྱི་མེད། ཨ་རི་ཕྱོགས་ཀྱིས་ཕྱོགས་རྐྱང་པའི་ཚོང་དོན་ཚོད་འཛིན་བྱེད་ཐབས་མེད་པར་བཟོས་ཏེ། ཕྱོགས་གཉིས་པོའི་ཐོབ་པར་དཀའ་བའི་གྲོས་མོལ་གྱི་གྲུབ་འབྲས་ལ་ཕོག་ཐུག་བཟོ་བའི་གནས་ཚུལ་མ་བྱུང་སྔོན་འགོག་བྱེད་དགོས།
ཀྲུང་ཨ་ཕྱོགས་གཉིས་པོས་གཅིག་ཕན་གཅིག་རོགས་དང་ཐུན་མོང་དར་རྒྱས་ཡོང་བ་བྱེད་ཐུབ་ངེས་རེད། རྒྱལ་ཁབ་གཉིས་པོར་བདེ་སྐྱིད་སྐྲུན་ཐུབ་པ་དང་འཛམ་གླིང་ལ་ཕན་པའང་འདོགས་ཐུབ། ཕུགས་འདུན་དེ་ལས་སླ་པོ་དང་སྟབས་བདེ་པོས་མངོན་འགྱུར་བྱེད་ཐུབ་པ་ཞིག་མིན་པས་ཕྱོགས་གཉིས་པོས་རྒྱལ་ཁབ་ཆེན་པོའི་བློ་རྒྱ་དང་འགན་སེམས་གསལ་པོ་མངོན་པར་བྱས་ཏེ། ཁ་ཕྱོགས་གཅིག་ཏུ་བསྐྱོད་པ་དང་ཐུན་མོང་ཐོག་འབད་བརྩོན་མཐའ་འཁྱོངས་བྱེད་དགོས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་འཐབ་ཇུས་ཀྱི་འབྲེལ་གཏུག་གནང་བ་དེས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་རིན་ཐང་བྲལ་བའི་བརྟན་ལྷིང་རང་བཞིན་བསྣན་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ངོས་འཛིན་གཅིག་མཐུན་གལ་ཆེན་ལྟར། དགོས་ངེས་ཀྱི་ཆབ་སྲིད་ཀྱི་བློ་གྲོས་དང་ལོ་རྒྱུས་ཀྱི་འགན་སེམས་བཅངས་ནས་གླེང་མོལ་བྱེད་ཤུཌ་ཆེ་རུ་གཏོང་བ་དང་། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་བ་མི་འདྲ་བ་དོ་དམ་དང་ཚོད་འཛིན་བྱེད་པ། མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་གི་བགྲོད་ལམ་བརྒྱུད་མདུན་ཕྱོཌ་སུ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།