ཀྲུང་གོའི་སྐུ་ཚབ་ཀྱིས་ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་རིང་ལུགས་ཀྱི་སྤྱོད་ངན་ལ་ངོ་རྒོལ་བྱེད་དགོས་ཞེས་བརྗོད་པ།
རེ་ནེ་ཝ་ནས་གནས་ཚུལ་སྤེལ་གསལ། མཉམ་འབྲེལ་རྒྱལ་ཚོགས་རེ་ནེ་ཝ་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་ཏུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ཁྲེན་ཤུས་ཚེས་18ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་60པར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་སྤེལ་ནས། འབྲེལ་ཡོད་རྒྱལ་ཁབ་ཀྱིས་བདག་དབང་རྒྱལ་ཁབ་དབར་གྱི་རྒྱུན་གཏན་གྱི་ཁྲིམས་འཛིན་མཉམ་ལས་ལ་འགོག་རྐྱེན་བཟོས་པ་དང་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་དག་གི་ནང་སྲིད་ལ་ཐེ་ཇུས་བྱས་པར་ངོ་རྒོལ་བྱས་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ཡོད་དོ་ཅོག་ལ་སྐུལ་འདེད་དང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་པ་རེད།
ཁྲེན་ཤུས་ཀྱིས་ཐོག་མར“《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》སྲུང་སྐྱོང་མཛའ་གྲོགས་ཚོགས་ཆུང”གི་ཚབ་ཞུས་ནས་ཐུན་མོང་གཏམ་བཤད་སྤེལ་ཏེ། འབྲེལ་ཡོད་རྒྱལ་ཁབ་ཀྱིས་བདག་དབང་རྒྱལ་ཁབ་དབར་གྱི་རྒྱུན་གཏན་གྱི་ཁྲིམས་སྒྱུར་དང་ཁྲིམས་འཛིན་མཉམ་ལས་ལ་རྒྱུ་མཚན་མེད་པར་སྐྱོན་འཛུགས་དང་སྒྲོ་སྐུར་དམའ་འབེབས་གཏོང་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕྱོགས་རྐྱང་གི་བཙན་ཐབས་གང་འདོད་སྤྱོད་པ། འགྲིག་མ་འགྲིག་ཙམ་ལ་བདག་དབང་རྒྱལ་ཁབ་ལ་དྲག་ཤུགས་སྤྱོད་པའམ་ཡང་ན་དྲག་ཤུགས་ལ་བརྟེན་ནས་འཇིགས་སྣང་སྐུལ་བ་བཅས་ནི་ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་རིང་ལུགས་ཀྱི་སྤྱོད་ངན་དམར་རྗེན་ཞིག་ཡིན་པས། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་དམིགས་ཡུལ་དང་རྩ་དོན་དང་རྒྱབ་འགལ་དུ་ཚབས་ཆེན་སོང་ཡོད་ཅེས་བརྗོད་པ་རེད།
ཁྲེན་ཤུས་ཀྱིས་རྒྱལ་ཁབ་ཀྱི་གཏམ་བཤད་སྤེལ་སྐབས། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལ་ཚད་མཐོའི་མཐོང་ཆེན་དང་འགན་སྲུང་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་ནས་ཕྱོགས་ཁག་ལ་ལག་གདང་སྦྲེལ་ནས་སྔར་བས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་མ་ལག་འཛུགས་པ་དང་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་འགྲོ་ལམ་ལ་བརྩི་འཇོག་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་དག་གི་ནང་སྲིད་ལ་ཐེ་ཇུས་བྱེད་པ་དང་འགྲོ་བ་མིའི་ཐོབ་ཐང་ཆབ་སྲིད་ཅན་དང་ལག་ཆ་ཅན་དུ་འགྱུར་བར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་དར་སྤེལ་གཏོང་གི་ཡོད། རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་སྲུང་སྐྱོང་བྱས་ནས་འགྲོ་བ་མིའི་ཐོབ་ཐང་ཡོད་དོ་ཅོག་ལ་སྐུལ་འདེད་དང་སྲུང་སྐྱོང་ཏན་ཏིག་དང་ནུས་ལྡན་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།